དགོངས་པ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད།

2025-06-11
761

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤྱི་ཚོགས་ཤིག་བདེ་སྐྱིད་ཡིན་མིན་དེ་རྒན་རྒོན་བདེ་སྐྱིད་ཡིན་མིན་ལ་རག་ལས་ཡོད། རང་རྒྱལ་གྱི་སྤྱི་ཚོགས་རྒན་རྒོན་ཅན་དུ་འགྱུར་ཚད་ཇེ་མཐོ་ནས་ཇེ་མཐོ་འགྲོ་བཞིན་ཡོད་པས། ངེས་པར་དུ་རྒན་རྒོན་རྣམས་ཀྱི་ཚེ་སྨད་བདེ་སྐྱིད་ཡོང་འཇུག་དགོས་ཏེ། ནུས་ཤུགས་ཆེན་པོས་རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། ས་གནས་ཁག་གིས་ཇུས་ཐབས་ཡང་དག་སྤྱད་དེ། དོན་གཉེར་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། རྒན་རྒོན་རྣམས་ཀྱི་རིམ་པ་མང་པོ་དང་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྔར་ལས་བསྐངས་ཡོད་ལ། རྒྱུན་མཐུད་ནས་དམངས་འཚོའི་ཕན་བདེ་སྐྲུན་བཞིན་ཡོད།

     ཉིན་རེའི་སྔ་དྲོར། ཧྲང་ཧའེ་ཧུང་ཁུའུ་ཆུས་ཅ་ཤིན་ལམ་སྲང་ལམ་གྱི་གྲོང་མིའི་ས་ཚུགས་འཁྲུག་ཆ་དོད་པོར་འགྱུར་ཞིང་། རྒན་རྒོན་རྣམས་ཀྱིས་གནས་འདིར་ཁམས་གསོ་དང་ལུས་ཁམས་བདེ་སྲུང་། སྤྲོ་གསེང་རོལ་རྩེད། ཉིན་གུང་གི་ཟ་མ་སོགས་ཉིན་དཀར་གྱི་ལྟ་སྐྱོང་ཞབས་ཞུ་མང་པོ་ལོངས་སུ་སྤྱོད་བཞིན་ཡོད། ༢༠༡༨ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། གྲོང་མིའི་ས་ཚུགས་འདི་རུ་ཕེབས་མྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་རང་རྒྱལ་ནི་རྒན་རྒོན་སྤྱི་ཚོགས་སུ་སླེབས་ཡོད་པས། རྒན་རྒོན་རྣམས་རྒས་དུས་གསོ་མཁན་ཡོད་པ་དང་འཚོ་བ་བདེ་སྐྱིད་ལྡན་པ། ཚེ་རིང་ནད་མེད་ཡོང་འཇུག་པ་ནི་ང་ཚོའི་ཐུན་མོང་གི་ཕུགས་འདུན་རེད་ཅེས་གསུངས་ཡོད། ཞི་ཅིན་ཕིང་གིས་མི་དམངས་ཀྱི་བདེ་སྐྱིད་འཛོམས་པའི་འཚོ་བའི་ནང་གལ་འགངས་ཆེ་ཤོས་ནི་རྒན་རྒོན་རྣམས་བདེ་སྐྱིད་ཡིན་མིན་དང་རྒས་དུས་གསོ་མཁན་ཡོད་པ། རྒན་རྒོན་རྣམས་བདེ་ཐང་ཡིན་མིན་དེ་རེད། ཁྱོད་ཚོས་གནས་འདིར་ལས་པའི་དོན་དག་འདི་ལ་དོན་སྙིང་ཆེན་པོ་ལྡན་ལ། རྒན་རྒོན་རྣམས་སེམས་པ་སྐྲག་མོ་སྐྱིད་བཞིན་ཡོད་པ་མཐོང་དུས་ང་རང་སྤྲོ་བ་ཆེན་པོ་བྱུང་སོང་ཞེས་གསུངས་པ་རེད།
         
སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་། དེང་སང་ཅ་ཤིན་ལམ་སྲང་ལམ་དུ་གྲོང་མིའི་ས་ཚུགས་གཉིས་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། སྡོད་དམངས་ཁུལ་ཉེར་དགུ་ཡོངས་ལ་ཁེབས་ཡོད། ཧྲང་ཧའེ་གྲོང་ཁུལ་དུ་ཡང་སྐར་མ་བཅོ་ལྔའི་རྒན་གསོའི་ཞབས་ཞུས་ཡོངས་སུ་ཁེབས་ཐུབ་ཡོད། ད་ལོར། ཧྲང་ཧའེ་ཡིས་ད་རུང་རྒན་གསོའི་ཉལ་ཁྲི་སུམ་སྟོང་གསར་སྣོན་བྱས་ཡོད་པ་དང་། གྲོང་གསེབ་ཀྱི་དགུང་ལོ་མཐོ་བའི་རྒན་རྒོན་ལྟ་སྐྱོང་བྱེད་པའི་ཁྱིམ་གཞིས་སུམ་ཅུ་གསར་དུ་བསྐྲུན་ཡོད།
     
རང་རྒྱལ་གྱི་ལོ་དྲུག་ཅུ་ཡན་གྱི་མི་འབོར་དེང་སང་དུང་ཕྱུར་གསུམ་ལས་བརྒལ་ཞིང་། རྒན་རྒོན་ལ་བདེ་སྐྱིད་ཀྱི་ཚེ་མཇུག་རོལ་བཅུག་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཆེ་ཤོས་ཤིག་ཏུ་གྱུར་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག  མི་འབོར་བགྲེས་འགྱུར་ཅན་ལ་ཁ་གཏད་ཡག་པོ་འཇལ་བ་དང་། རྒན་གསོ་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་དང་འཐུས་ཚང་གཏོང་དགོས་ཞེས་བཏོན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྨང་གཞི་རང་བཞིན་དང་ཡོངས་ཕན་རང་བཞིན། མ་མཐའི་ཚད་གཞིའི་རང་བཞིན་གྱི་དམངས་འཚོ་འཛུགས་སྐྱོང་དང་མང་ཚོགས་ཀྱི་རེ་སྒུག་གལ་འགངས་ཆེ་བའི་གནད་དོན་དག་ཐག་གཅོད་པའི་དོན་དངོས་མང་པོ་སྒྲུབ་དགོས་ཞེས་ནན་གསུང་གནང་།
    
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱེད་པའི་རྒན་གསོ་ཞབས་ཞུ་བཅོས་བསྒྱུར་འཕེལ་རྒྱས་ཟབ་མོ་བྱེད་པའི་བསམ་འཆར་ནས། སྲིད་གཞུང་ལས་ཀའི་སྙན་ཞུའི་བར་རྒན་རྒོན་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དེ་ད་ལོའི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་ཡིན་ཞིང་། རང་རྒྱལ་གྱིས་རིམ་པ་དང་རིགས་དབྱེ་བ་དང་། ཡོངས་ཕན་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ། རྒྱུན་མཐུད་འཕེལ་རྒྱས་ཀྱི་རྒན་གསོའི་ཞབས་ཞུ་མ་ལག་མགྱོགས་མྱུར་དུ་འཛུགས་སྐྱོང་དང་འཐུས་ཚང་གཏོང་བཞིན་ཡོད་པ་རེད། འདུས་ཁུལ་གྱིས་རྒྱབ་སྐྱོར་བྱས་པའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་ཞིང་། ད་ལོར། ཧུའུ་ནན་གྱིས་ལྕགས་རི་མེད་པའི་རྒན་གསོ་ཁང་བསྐྲུན་ནས། ཆུང་ཞིང་ཞིབ་ཕྲ་ཡིན་པའི་རྒན་གསོ་ཞབས་ཞུའི་ལྟེ་གནས་སྔར་ལས་མང་པོ་་ཕྱེས་པ་རེད། མིག་སྔར། ཧུའུ་ནན་འདུས་ཁུལ་གྱིས་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་ལྟེ་གནས་ཀྱི་ཁ་གྲངས་བརྒྱད་སྟོང་ལྔ་བརྒྱ་ལས་བརྒལ་ཡོད། ལིའང་ཉིང་གིས་རིག་ནུས་རྒན་གསོ་མགྱོགས་མྱུར་ཁྱབ་གདལ་གཏོང་བ་དང། ཧྲེན་དབྱང་མུའུ་ཏན་འདུས་ཁུལ་གྱི་རིག་ནུས་འདུས་ཁུལ་གྱི་རིག་ནུས་འདུས་ཁུལ་ཕྱོགས་བསྡུས་ཞབས་ཞུ་སྟེགས་བུའི་ཐོག  ཆེད་དུ་རིག་ནུས་རྒན་གསོ་ནང་དོན་བཀོད་སྒྲིག་བྱས་ནས། འདུས་ཁུལ་རྒན་རྒོན་ལ་བདེ་ཐང་ལྟ་ཞིབ་དང་མགྱོགས་མྱུར་བརྡ་གཏོང་བ། རྒྱུན་ལྡན་བདག་སྐྱོང་མངགས་ཐོ་སོགས་སྟབས་བདེ་ཞབས་ཞུ་མཁོ་འདོན་བྱས་ཡོད།
       
ཞིང་སྡེའི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་མགྱོགས་མྱུར་གཏོང་བཞིན་ཡོད། ད་ལོར། ཅང་ཞི་ཡིས་ཞིང་སྡེའི་བདེ་སྐྱིད་གླིང་ག་འཛུགས་སྐྱོང་ཁྱབ་གདལ་གཏོང་བ། བདེ་སྐྱིད་གླིང་གས་རྒྱུན་རྣམ་ཅན་གྱིས་ཞིང་སྡེའི་རྒན་རྒོན་ལ་བཟའ་བཏུང་དང་ཉིན་མོའི་བདག་སྐྱོང་། རིག་གནས་རོལ་རྩེད་སོགས་ཞབས་ཞུ་མཁོ་འདོན་བྱེད་ཀྱིན་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་བདེ་སྐྱིད་གླིང་ག་བརྒྱད་བརྒྱ་བརྒྱད་ཅུ་བཙུགས་ཡོད། 
    
རྒན་རྒོན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད། ཧོ་པེ་ནས། རྒན་འཚམ་ཅན་གྱི་བསྒྱུར་བཅོས་བརྟན་པོའི་ངང་ཤུགས་འདོན་བཞིན་ཡོད། ད་ལོར། ཧོ་པེ་ཡིས་རྒན་འཚམ་ཅན་གྱི་ཐོན་རྫས་རིགས་དྲུག་ལ་ཁ་གསབ་སྤྲད་པར་མ་ཟད། ད་དུང་དམིགས་བསལ་དཀའ་ངལ་ཅན་གྱི་རྒན་རྒོན་དུད་ཚང་ཁྲི་གཅིག་ལ་རིན་མེད་དུ་ཁྱིམ་ནང་རྒན་འཚམ་ཅན་གྱི་བསྒྱུར་བཅོས་གཏོང་བར་རྒྱབ་སྐྱོར་བྱས་ཡོད། དེ་དང་དུས་མཚུངས་སུ། རྒན་རྒོན་ཆེད་གཏོང་མེ་འཁོར་དང་། ཁམས་གསོ་ཡུལ་སྐོར་སྡོད་གནས་སོགས་ཀྱིས་མཚོན་པའི། རྒན་གསོ་སྣ་མང་ཅན་གྱི་ཞབས་ཞུའང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཡོད། ད་ལོའི་ཟླ་བ་དང་པོ་ནས་ལྔ་བའི་བར། ས་གནས་ཁག་གིས་རྒན་རྒོན་ཡུལ་སྐོར་མེ་འཁོར་དྲུག་བརྒྱ་ལྷག་བཏང་ཡོད་པས། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉི་ཤུ་ཡན་གོང་འཕར་བྱུང་ཡོད། ཚོད་དཔག་ལྟར་ན་ཉིས་སྟོང་ཉེར་བདུན་ལོར་སླེབས་དུས། རང་རྒྱལ་གྱིས་རྒན་རྒོན་ཡུལ་སྐོར་གྱི་ལྕགས་ལམ་སྤུས་ལེགས་བརྒྱ་ཡན་ཇུས་འགོད་བྱེད་འཚག་རྒྱུ་ཡིན་པ་དང་། རྒན་རྒོན་ཡུལ་སྐོར་མེ་འཁོར་གཏོང་བའི་རྒྱ་ཁྱོན་ཀྱང་མེ་འཁོར་ཉིས་སྟོང་ལྔ་བརྒྱ་ཡན་ལ་ཟིན་རྒྱུ་རེད།
   
འཆར་གཞི་ལྟར་ན། ཉིས་སྟོང་ཉེར་དགུ་ལོར་སླེབས་དུས། རང་རྒྱལ་གྱི་རྒན་གསོ་ཞབས་ཞུའི་དྲ་བ་ཕལ་ཆེར་འཛུགས་སྐྲུན་ཐུབ་པ་དང་། རྒན་གསོ་ཞབས་ཞུ་མཁོ་འདོན་རྒྱུན་ཆད་མེད་པར་ལེགས་བསྒྱུར་གཏོང་རྒྱུ་རེད། ཉིས་སྟོང་སོ་ལྔ་ལོར་སླེབས་དུས། རྒན་གསོ་ཞབས་ཞུའི་དྲ་བ་སྔར་བས་འཐུས་ཚང་བཏང་ནས། རྒན་རྒོན་ཚང་མ་ལ་གཞི་རྩའི་རྒན་གསོ་ཞབས་ཞུ་མྱོང་ཐུབ་པར་བྱེད་པ་དང་། 
རང་རྒྱལ་གྱི་གནས་ཚུལ་དང་འཚམ་པའི་རྒན་གསོའི་ཞབས་ཞུའི་མ་ལག་བརྟན་པོའི་ངང་ཆགས་ཐུབ་པར་བྱ་རྒྱུ་རེད

  • 顶