ཉིན་སུམ་ཅུ་ལ་རྒྱུན་འཁྱོངས་ཐུབ་ན་འདི་འདྲ་རེད།

2025-06-09
269

  བདེ་ཐང་དོན་གཉེར་བྱེད་སྐབས་མི་ལ་ལས་ཆེས་སྟབས་བདེ་དང་ནུས་ལྡན་གྱི་མན་ངག་སྣང་མེད་དུ་འཇོག་སླ། དེ་རིང་ང་ཚོས་ངོ་མཚར་ཆེ་བའི་ལུས་རྩལ་ཏེ་རྒྱུག་རྒྱུའི་སྐོར་ཅུང་ཙམ་བཤད། མི་ཞིག་གིས་ཉིན་སུམ་ཅུ་ལ་རྒྱུག་རྒྱུ་རྒྱུན་འཁྱོངས་བྱས་ནས་འགྱུར་བ་ཆེན་པོ་བྱུང་འདུག 

01རྒྱུག་ན་དོན་དངོས་སུ་ཕན་པ་ཅི་འདྲ་ཡོད།

1ཚོ་བྱང་བའི་ཕན་ནུས་ལྡན།

  ཚོ་བྱང་བའི་གོ་རིམ་ཁྲོད། དབྱང་ལྡན་འགུལ་སྐྱོད་ཀྱིས་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དེའི་ནང་དུ་རྒྱུག་རྒྱུ་ལྟ་བུའི་དབྱང་ལྡན་འགུལ་སྐྱོད་ཀྱིས་ལུས་པོའི་ཚ་ཚད་ཟད་གྲོན་དང་སྤྱི་ཡོངས་ཀྱི་རྙིང་ཚབ་གསར་བརྗེ་མཐོར་འདེགས་སུ་བཏང་བས། མི་མང་པོ་ཞིག་གི་ཚོ་བྱང་དུ་འཇུག་པ་དང་ཚིལ་ཇེ་ཉུང་དུ་གཏོང་བའི་ཐབས་ཇུས་གཙོ་བོར་བརྩི་བཞིན་ཡོད།

2སྐྱི་པགས་ཇེ་བཟང་གཏོང་བའི་ཕན་ནུས་ལྡན།

  རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལུས་སྦྱོང་རླུང་སྒོམ་དོ་དམ་ལྟེ་གནས་ཀྱི་ཞིབ་འཇུག་པ་ཏིན་ལི་ལིང་གིས་མཚམས་སྦྱོར་བྱས་པར་གཞིགས་ན། རྒྱུག་པ་སོགས་འགུལ་སྐྱོད་ལས་རྔུལ་ཆུ་ཐོན་གྱི་ཡོད་པ་དང་། རྔུལ་ཆུ་ཡིས་ཕྲ་ཕུང་ནང་གི་དྲི་མ་སོགས་ཕྱིར་འབུད་བྱེད་ཐུབ་པས། ང་ཚོས་འགུལ་སྐྱོད་བྱས་ཏེ་རྔུལ་ཆུ་ཐོན་རྗེས་སྐྱི་པགས་ཧ་ཅང་ཡག་པོ་ཡོད་པ་མ་ཟད། སེམས་ཤུགས་ཀྱང་རྒྱས་ཀྱི་ཡོད་པས། དེ་ནི་ངོ་ཤོག་སྦྱར་བ་ལས་ཀྱང་ཕན་པ་ཆེ་ཞེས་བཤད།

3སྙིང་དང་གློ་བ་ཇེ་བཟང་འགྲོ་བའི་ཕན་ནུས་ལྡན།

  སྙིང་དང་གློ་བའི་བྱེད་ལས་ནི་དམིགས་ཚད་གལ་ཆེན་ཞིག་ཡིན། མི་མང་པོ་ཞིག་ལ་འགུལ་སྐྱོད་བྱས་ན་དབུགས་འབྱིན་མི་ཐུབ། དེ་ཡིས་སྙིང་དང་གློ་བའི་བྱེད་ལས་མི་འདང་བ་མཚོན། རྒྱུན་དུ་རྒྱུག་པ་སོགས་དབྱང་ལྡན་འགུལ་སྐྱོད་རྒྱུན་འཁྱོངས་བྱས་ན། སྙིང་དང་གློ་བའི་ནུས་པ་ཅུང་ཡག་པོ་རྒྱུན་འཁྱོངས་བྱེད་ཐུབ།

图片

4ཁྲག་ཤེད་ཇེ་དམའ་གཏོང་བའི་ཕན་ནུས་ལྡན།

  ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་རྒན་རྒོན་ཚན་ཁག་དང་པོའི་ཀྲུའུ་རེན་སྨན་པ་གཞོན་པ་རེན་ཡན་ཕིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། འགུལ་སྐྱོད་འོས་འཚམ་བྱས་ན་ཚོར་འགྲིམ་དབང་རྩའི་ཛ་དྲག་སེལ་ཐུབ་པ་དང་། ཁྲག་ཤེད་མཐོ་བ་སྔོན་འགོག་དང་ཚོད་འཛིན་བྱས་ནས་སྙིང་ཁམས་ཁྲག་རྩའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་ཅེས་བཤད།

5རྐང་ལག་མྱུར་མོ་ཆགས་པའི་ནུས་པ་ཡོད།

ལོ་ན་ཇེ་ཆེར་འགྲོ་བ་དང་བསྟུན་ནས་རུས་པའི་སྟུག་ཚད་རིམ་བཞིན་ཇེ་དམའ་རུ་འགྲོ་མོད། འོན་ཀྱང་འགུལ་སྐྱོད་ཀྱིས་རུས་པའི་སྟུག་ཚད་ཇེ་མཐོར་གཏོང་བ་དང་རུས་ཆག་སྔོན་འགོག་བྱེད་པ་སོགས་ལ་ཕན་པ་ཡོད།

དེ་མིན། རྒྱུན་དུ་འགུལ་སྐྱོད་བྱས་ན་ཚིགས་ངོས་ཀྱི་ཕྲུམ་རུས་དང་རུས་པའི་སྟུག་ཚད་ཀྱི་མཐུག་ཚད་ཇེ་མཐོར་བཏང་སྟེ། ཚིགས་མཐའ་འཁོར་གྱི་ཤ་གནད་དར་རྒྱས་དང་སྟོབས་ཤུགས་ཇེ་དྲག་ཏུ་འགྲོ་བ། ཚིགས་སྣོད་དང་ཆུ་བ་མཐུག་ཏུ་འགྲོ་བས། ཚིགས་ཀྱི་ཁུར་ཐེག་ཇེ་ཆུང་དུ་གཏོང་བ་དང་། ཚིགས་ཀྱི་བརྟན་བརླིང་རང་བཞིན་ཇེ་མཐོར་གཏོང་ཐུབ། ལུས་པོའི་འགུལ་སྐྱོད་ཀྱི་ཚད་དང་སྟབས་བསྟུན་རང་བཞིན་ཡང་ཇེ་ཆེར་འགྲོ་ཐུབ་ཅེས་བཤད།

6གཉིད་ཁུག་པའི་ཕན་ནུས་ལྡན།

རྒྱུན་དུ་གཉིད་མི་ཁུག་མཁན་ལ་མཚོན་ན། འགུལ་སྐྱོད་ནི་གཉིད་སྙོམས་སྒྲིག་བྱེད་པའི་བྱེད་ཐབས་ནུས་ལྡན་ཡིན།

གཉིད་མི་ཁུག་མཁན་གྱིས་རྒྱུག་པ་དང་རྩལ་སྦྱོང་། ཐའེ་ཅི་དྲག་རྩལ་སྦྱོང་བརྡར་སོགས་རྒྱུན་འཁྱོངས་བྱེད་ཐུབ་ན། དུས་ཡུན་ངེས་ཅན་ཞིག་གི་འགུལ་སྐྱོད་བརྒྱུད། དབང་རྩའི་མ་ལག་གི་ཚོར་སྐྱེན་དང་ཚོད་འཛིན་གྱི་གོ་རིམ་ལ་སྙོམས་སྒྲིག་གི་ནུས་པ་ལེགས་པོ་ཐོན་ཏེ།  གཉིད་མི་ཁུག་པའི་གནད་དོན་ཐག་གཅོད་བྱེད་ཐུབ།

7གཟུགས་རྣམ་ཇེ་བཟང་འགྲོ་བའི་ཕན་ནུས་ལྡན།

རྒྱུག་རྒྱུའི་འགུལ་སྐྱོད་རྒྱུན་འཁྱོངས་བྱས་ན་ལུས་ཡོངས་ཀྱི་རུས་སྒྲོམ་ཤའི་མ་ལག་བདེ་ཐང་ཡོང་བར་ཕན་པ་དང་། ནུས་པ་ཆེ་བའི་ཤ་གནད་ཀྱིས་ལུས་གཟུགས་བརྐྱང་ཐུབ་ལ། ལུས་གཟུགས་དྲང་པོར་འགྱུར་ཐུབ་པས། མི་རྣམས་ལ་བལྟས་ཚོད་ཀྱིས་ཉམས་འགྱུར་ཡག་ལ་ལོ་ཆུང་གི་སྣང་བ་སྟེར།

2རྒྱུག་པའི་ཐད་ལ་དོ་སྣང་བྱེད་དགོས་ས།

1མཚན་རྒྱུག་བྱས་ན་ཚན་རིག་དང་མཐུན།

ལྷོ་ཕྱོགས་གསོ་རིག་སློབ་ཆེན་ལྷོ་ཕྱོགས་སྨན་ཁང་ཚིགས་ཕྱི་ཚན་ཁག་གི་ཀྲུའུ་རེན་སྨན་པ་གཞོན་པ་ཝང་ཅན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལུས་རྩལ་གསོ་རིག་གི་ངོས་ནས་བལྟས་ན། དགོང་མོ་རྒྱུག་ན་བལྟོས་བཅས་ཀྱིས་ཚན་རིག་དང་མཐུན་པ་རེད་ཅེས་བཤད།

མིའི་ལུས་ཤུགས་ནི་ཉིན་རེའི་དུས་ཚོད་མི་འདྲ་བར་མི་འདྲ་སྟེ། སྤྱིར་བཏང་དུ་ས་སྲོད་ཀྱི་ཆུ་ཚོད་དྲུག་ཡས་མས་སུ་མཐོ་ཤོས་སུ་སླེབས་ཀྱི་ཡོད། དེར་བརྟེན། ས་སྲོད་ལ་སྦྱོང་བརྡར་བྱེད་པའི་ཕན་འབྲས་ནི་བལྟོས་བཅས་ཀྱིས་བཤད་ན་ཆེས་བཟང་བ་ཡིན།

གཉིད་ཁུག་པའི་སྤུས་ཚད་མི་བཟང་བའི་མིའི་ངོས་ནས་བཤད་ན། དགོང་མོར་འོས་འཚམ་འགུལ་སྐྱོད་བྱས་ནས་ངལ་དུབ་ཅུང་ཙམ་བྱུང་ན། གཉིད་པའི་སྤུས་ཚད་ཆེས་ཆེར་ཇེ་མཐོར་འགྲོ་ཐུབ། 

2གློ་བུར་དུ་རྒྱུག་མཚམས་མ་འཇོག

པེ་ཅིན་སློབ་ཆེན་སྨན་ཁང་གསུམ་པའི་བདེ་ཐང་གསོ་རིག་ལྟེ་གནས་ཀྱི་གཙོ་གཉེར་ལག་རྩལ་མཁས་པ་ཞིན་ཅན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མི་མང་པོ་ཞིག་རྒྱུག་ནས་ཐང་ཆད་ན་ས་ལ་བསྡད་ནས་ངལ་གསོ་བྱེད་ཀྱི་ཡོད། དོན་དངོས་སུ་དེ་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།

རྒྱུག་རྗེས་གློ་བུར་དུ་འདུག་མི་རུང་། སྔོན་ལ་གཟུགས་པོར་དལ་མོ་ལྷོད་ལ་འབབ་ཏུ་འཇུག་དགོས དཔེར་ན་འགུལ་སྐྱོད་དྲག་པོ་བྱས་རྗེས་དལ་རྒྱུགས་དང་། རྒྱུགས་མཆོང་གི་འགུལ་སྐྱོད་བྱས་རྗེས་མགྱོགས་མྱུར་འགྲོ་བ། སྟོབས་ཤུགས་སྦྱོང་བརྡར་བྱས་རྗེས་རྐྱོང་རྐྱོང་སོགས་བྱས་རྗེས། གཟུགས་པོ་འཐེན་འཐེན་བྱེད་དགོས།

སྐར་མ་ལྔ་ནས་བཅུ་བར་ལ་གཟུགས་པོ་ལྷོད་ལ་འབབ་ཏུ་བཅུག་ནས་མི་ལེགས་པའི་འགྱུར་འབྱུང་གི་ཉེན་ཁའི་དུས་ཚོད་དལ་མོར་བརྒལ་ཐུབ་པ་དང་། འཐེན་འཐེན་བྱས་ན་ཤ་གནད་སླར་གསོ་བྱ་ཐུབ། འགུལ་སྟངས་དེ་ལུས་སྦྱོང་འགུལ་སྐྱོད་དང་འདྲ། 

3རྒྱུག་དུས་མགྱོགས་དྲག་ན་མི་ཉན།

ཇི་ལྟར་མགྱོགས་ན་ཞག་ཚིལ་དེ་ཙམ་ཞུ་འགྲོ་བར་མ་འདོད། དོན་ངོ་མ་ཏག་ཏག་དེ་ལས་ལྡོག་སྟེ། མགྱོགས་མྱུར་ངང་རྒྱུག་དུས། ལུས་སྟེང་གི་དབྱང་མཁོ་སྤྲོད་མི་འདང་བ་དང་། ལུས་ཕུང་གིས་དབྱང་མེད་པའི་འགུལ་སྐྱོད་བྱེད་བཞིན་ཡོད་པས། ཞག་ཚིལ་གང་ལེགས་ཞུ་མི་ཐུབ་ཅིང་། ནུས་པ་ཟད་དཀའ་བ་རེད།

འགུལ་སྐྱོད་ཀྱི་དྲག་ཚད་བལྟོས་བཅས་ཀྱིས་དམའ་བའི་དབྱང་ལྡན་འགུལ་སྐྱོད་ཀྱིས་དེ་ལས་ལྡོག་སྟེ་ཚིལ་ཞུ་བར་སྐུལ་འདེད་བྱེད་ཐུབ། གལ་ཏེ་རྒྱུག་དུས་དབུགས་འབྱིན་རྔུབ་སྙོམས་པོར་མཐུན་སྦྱོར་བྱེད་པ་དང་། ཐ་ན་མི་ལ་སྐད་ཆ་བཤད་ཞོར་དུ་རྒྱུག་ཆོག་ལ། དབུགས་འབྱིན་རྔུབ་རྙོག་འཛིང་གི་ཚོར་བ་མི་འབྱུང་ན། ཞག་ཚིལ་ཞུ་བར་སྐུལ་འདེད་བྱེད་ཐུབ་པའི་དབྱང་ལྡན་འགུལ་སྐྱོད་ཡིན་པ་མཚོན།

图片

4རྒྱུག་རྒྱུ་རྒྱུན་འཁྱོངས་བྱས་ན་ཕན་ནུས་ལྡན།

འགུལ་སྐྱོད་ལས་ཁེ་ཕན་ཐོབ་འདོད་ན་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། འགུལ་སྐྱོད་རིམ་བཞིན་བྱེད་དགོས།

  དུས་ཡུན་རིང་བོར་ཆོས་ཉིད་ལྡན་པའི་སྒོ་ནས་རྒྱུག་ན་གློ་བའི་བྱེད་ནུས་ཇེ་ཆེར་གཏོང་ཐུབ་པ། སྙིང་དང་ཁྲག་གི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་ཐུབ། སྙིང་དང་གློ་བའི་བཟོད་ཤུགས་མཐོར་འདེགས་གཏོང་ཐུབ། རིམས་འགོག་ནུས་པ་མཐོར་འདེགས་གཏོང་ཐུབ། དེ་ལས་གཟུགས་གཞི་སྔར་བས་བདེ་ཐང་དང་། ནད་དུག་སྔོན་འགོག་དང་འགོག་རྒོལ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་ཐུབ།

འོན་ཀྱང་མཚམས་རེར་འགུལ་སྐྱོད་ཐལ་དྲགས་ན་ཕན་མི་ཐོགས་པར་མ་ཟད། དེ་ལས་ལྡོག་སྟེ་གཟུགས་པོར་གནོད་འཚེ་གཏོང་སྲིད།

  ཚན་རིག་དང་མཐུན་པའི་འགུལ་སྐྱོད་བྱེད་སྟངས་ནི་གཟའ་འཁོར་རེར་ཐེངས་གསུམ་ནས་ལྔ་བར་སྦྱོང་བརྡར་བྱེད་དགོས། འགུལ་སྐྱོད་ཐེངས་རེར་དུས་ཚོད་སྐར་མ་བཞི་བཅུ་ནས་དྲུག་ཅུ་བར་ཚོད་འཛིན་བྱེད་དགོས། འགུལ་སྐྱོད་དྲག་ཚད་ཆེ་དྲགས་ན་མི་འགྲིག ད་དུང་མུ་མཐུད་དུ་གཟའ་འཁོར་བཅུ་གཉིས་ལ་འགུལ་སྐྱོད་བྱས་ན། ད་གཟོད་རིམས་འགོག་ནུས་པ་མཐོར་འདེགས་ཀྱི་ཕན་འབྲས་ཐོན། གཟའ་འཁོར་བཅུ་གཉིས་ཀྱི་རྗེས་སུ་མུ་མཐུད་དུ་འགུལ་སྐྱོད་རྒྱུན་འཁྱོངས་བྱེད་དགོས།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

རྩོམ་སྒྲིག་པ།  ལྷ་མོ་བཀྲ་ཤིས།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ།  འཆི་མེད་དབང་མོ། 



  • 顶