ཞི་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁོར་ཐུག་འཕྲད་གནང་བ།

2025-06-05
1076

ཟླ6པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་བྷེ་ཨུ་རུ་སུའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁོར་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་བྷེ་ཨུ་རུ་སུའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁོར་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་ལུའུ་ཁ་ཧྲིན་ཁོ་སྲིད་འཛིན་ལ་བདམས་ཐོན་བྱུང་བར་སླར་ཡང་རྟེན་འབྲེལ་ཞུས།  ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བྷེ་ཨུ་རུ་སུ་ནི་གྲོགས་པོ་ངོ་མ་དང་སྤུན་ཟླ་བཟང་པོ་ཡིན། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་ལྷག་བསམ་རྣམ་དག་དང་ཡིད་ཆེས་ཀྱིས་འབྲེལ་འདྲིས་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་ཡུན་རིང་སྲ་བརྟན་དུ་ཕྱིན་ནས། ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་སུས་ཀྱང་གཏོར་མི་ཐུབ་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས། ཀྲུང་གོ་དང་བྷེ་ཨུ་རུ་སུའི་འབྲེལ་བར་ལྟ་སྟངས་དང་འཕེལ་རྒྱས་གཏོང་བཞིན་ཡོད་པས། བྷེ་ཨུ་རུ་སུའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་གཉིས་ཕན་མཉམ་ལས་བརྟན་བརླིང་དང་ཡུན་རིང་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། བཙན་དབང་ལ་ཐུན་མོང་ཐོག་ངོ་རྒོལ་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས། 

ལུའུ་ཁ་ཧྲིན་ཁོ་ཡིས་བསྟན་དོན། འདི་ནི་ངས་ཀྲུང་གོར་འཚམས་འདྲི་བྱེད་ཐེངས15པ་ཡིན་པ་དང་། ཐེངས་རེ་རེར་ཀྲུང་གོ་ཕྱོགས་ཀྱི་མཛའ་བརྩེ་ཟབ་མོ་དངོས་གནས་ཚོར་ཐུབ། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་པར་བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོར་ཚད་མཐོའི་ཡིད་ཆེས་བྱེད་བཞིན་ཡོད་པས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་ཀྲུང་གོའི་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱལ་སྤྱིའི་ལས་དོན་ཁྲོད། ཀྲུང་གོས་མཐའ་གཅིག་ཏུ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པ་དང་། ཕྱོགས་རྐྱང་རིང་ལུགས་དང་བཀག་སྡོམ་གནོན་ཤུགས་ལ་ངོ་རྒོལ་བྱས་ནས། འཛམ་གླིང་ལ་མིག་དཔེ་བསྟན་ཡོད། བྷེ་ཨུ་རུ་སུས་བརྩི་འཇོག་ཡིད་སྨོན་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད།

ཝང་དབྱི་ཐུག་འཕྲད་ལ་ཞུགས། །


  • 顶