འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྨོ་ཞིང་གི་མཚམས་ཐིག་བརྟན་སྲུང་དང་། སྤུས་ཚད་མཐོན་པོའི་སྒོ་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཐད་ལ་ཤུགས་འདོན་པ་དང་། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་རྒྱབ་རྟེན་ཇེ་དྲག་་བཏང་ནས། བཟའ་འབྲུ་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བརྟན་ཞིང་མཁོ་འདོན་འགན་སྲུང་བྱེད་དགོས་ཞེས་གསུངས་ཡོད། ད་ལོ་ནས་བཟུང་། འབྲུ་རིགས་ཐོན་ཁུལ་གཙོ་བོ་ཁག་གིས་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་གཅིག་སྟོང་བཞི་ཡས་མས་ཀྱི་དམིགས་འབེན་བཟུང་ནས། རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་གོང་འཕར་གཏོང་བའི་ཐབས་ཇུས་དམ་འཛིན་ཏན་ཏིག་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲུ་མཛོད་ཀྱི་གཞི་རྟེན་ཕྱོགས་ཡོངས་ནས་སྲ་བརྟན་བཏང་ནས། ཀྲུང་གོ་བ་རང་གི་ཕོར་བ་རང་གི་ལག་ཏུ་བརྟན་པོར་འཛིན་དགོས།
ད་ལྟ་ནི་བྱང་ཤར་ས་ཁུལ་གྱི་མུ་མཐའ་མེད་པའི་འབྲུ་མཛོད་ཆེན་མོ་སྟེ་ས་ཞིང་གཤིན་པོའི་ཐོག དཔྱིད་རྨོ་ལས་ཀ་ཕལ་ཆེར་གྲུབ་ཡོད་ལ། ས་ཁུལ་མང་ཆེ་བའི་གནས་ཚུལ་བཟང་ཞིང་ལྗང་བུ་འབུས་ནས། དུས་ཚིགས་གསར་བར་ལོ་ལེགས་བྱུང་བའི་རེ་བ་ཡོད།
དེ་དང་དུས་མཚུངས་སུ། རྒྱ་ཆེ་བའི་གྲོ་ཐོན་ཁུལ་གཙོ་བོ་ནས། གྲོ་བརྒྱ་ཆའི་བཞི་བཅུ་བསྡུ་ཚར་བས།ན་ནིང་གི་དུས་མཉམ་ལས་མགྱོགས་ཤིང་། དབྱར་དུས་ཀྱི་འབྲུ་རིགས་ཡག་པོ་སྨིན་པར་རྨང་གཞི་བཏིང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུ་རིགས་གནོད་མེད་ལ་གཙིགས་མཐོང་གནང་བ་དང་། རྒྱ་ཁྱོན་བརྟན་པོ་ཡོད་པར་ཏང་སྲིད་གཉིས་ཀར་འགན་འཁྲི་གཅིག་མཚུངས་ཡིན་པ་ནས། རྨོ་འདེབས་ཞིབ་ཕྲ་བྱས་ཏེ་ཐོན་ཚད་གོང་འཕར་བཏང་བ་དང་། དེ་ནས་ཞིང་བའི་འབྲུ་རིགས་འདེབས་པའི་སེམས་ཤུགས་ཇི་ལྟར་སྐུལ་སློང་བྱེད་པ་བཅས་ལ། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ས་བོན་ཡག་པོ་འདེབས་པ་དང་། གོ་སྐབས་དམ་འཛིན་ཡག་པོ། ཐབས་ལམ་ཡག་པོ་ཁྱབ་བརྡལ་ཇེ་ཆེར་གཏོང་ཞིང་། རྨོ་འདེབས་ཞིབ་ཕྲ་བྱེད་པའི་ཐད་ཤུགས་བཏོན་ནས། འབྲུ་རིགས་མུའུ་རེའི་ཐོན་ཚད་དང་སྤུས་ཚད་སྔར་བས་མཐོར་གཏོང་དགོས་ཞེས་གསུངས། ཉེ་ཆར། ཧོ་ནན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨོ་ཞིང་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་ཤུགས་འདོན་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས་ཞེས་ནན་གསུང་གནང་ཡོད།ཞིང་ལས་ཞིང་སྡེ་པུའུ་འདེབས་འཛུགས་ལས་རིགས་དོ་དམ་སི་ཡི་འགོ་འཛིན་གཞོན་པ་ལོའུ་ཞིའུ་ཐའོ་ཡིས། ང་ཚོས་གཞི་ཁྱོན་ཆེན་པོའི་མུའུ་ཐོན་མཐོར་འདེགས་བྱེད་པ་དེ་ད་ལོའི་འབྲུ་རིགས་ཐོན་སྐྱེད་ཀྱི་ལས་འགན་གལ་ཆེན་དང་འགག་རྩའི་བྱེད་ཐབས་ལ་བཟུང་ནས། ད་ལོར་ཐོག་དང་པོར་ཆུ་འབྲས་གཞི་ཁྱོན་ཆེན་པོའི་མུའུ་ཐོན་མཐོར་འདེགས་བྱེད་འགོ་བརྩམས་ཡོད། སྤྱིའི་ཆ་ནས་དམ་འཛིན་བྱེད་སའི་རྫོང་ཁག་བདུན་བརྒྱ་བཅུ་མེད་གཉིས་ལ་རྒྱ་བསྐྱེད་ཡོད། ད་ལོར། རྒྱལ་ཁབ་ཀྱིས་མུ་མཐུད་དུ་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་རྒྱ་བསྐྱེད་ནས། གྲོ་དང་སྔ་འབྲས་ཀྱི་ཆེས་དམའ་བའི་ཉོ་སྒྲུབ་རིན་གོང་ཇེ་མཐོར་བཏང་སྟེ། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་པའི་གསབ་དངུལ་དང་འབྲས་ཀྱི་གསབ་དངུལ་བརྟན་འཇགས་བྱས་ནས། འབྲས་དང་གྲོ། མ་རྨོས་ལོ་ཏོག་གི་མ་རྩའི་བདེ་འཇགས་འགན་སྲུང་དང་འདེབས་འཛུགས་ཡོང་འབབ་ཀྱི་བདེ་འཇགས་འགན་སྲུང་ཡོངས་ལ་ཁྱབ་པ་བྱས་ཏེ། ཞིང་པའི་འབྲུ་རིགས་རྨོ་འདེབས་ཀྱི་བརྩོན་སེམས་དངོས་སུ་སྐུལ་སློང་བྱས་ཡོད། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་འབྲུ་རིགས་ཀྱི་འདེབས་འདོད་ཡོད་པའི་རྒྱ་ཁྱོན་མུའུ་དུང་ཕྱུར་བཅུ་བདུན་དང་བྱེ་བ་དགུ་ཡས་མས་ཟིན་ཡོད། ད་ལོར། རང་རྒྱལ་གྱིས་མུ་མཐུད་དུ་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གང་ལེགས་བྱས་ཏེ། ད་དུང་མུའུ་བྱེ་བ་བརྒྱད་ཡས་མས་འཛུགས་འཆར་ཡོད་ལ། ད་ལོར། རང་རྒྱལ་གྱིས་ཆུ་འབྲས་དང་གྲོ། མ་རྨོས་ལོ་ཏོག སྲན་ཆེན། པད་ཁ་བཅས་ལོ་ཏོག་གཙོ་བོ་ལྔ་ལ་དམིགས་ནས། བྱང་ཤར་དང་རྨ་ཆུ་ཧོའེ་ཧོ་ཧའེ་ཧོ་ཆུ་བོའི་བཞུར་རྒྱུད། འབྲི་ཆུའི་བཞུར་རྒྱུད། ཀྲུང་ཧྭའི་ལྷོ་རྒྱུད། ནུབ་བྱང་། ལྷོ་ནུབ་བཅས་འགག་རྩའི་ས་ཁོངས་ཆེན་པོ་དྲུག་ནས། ཐོན་སྐྱེད་ཐོན་འབྲས་མང་བའི་གནད་འགག་གི་ལག་རྩལ་སྐོར་ཞིག་གསར་གཏོད་འཚོལ་ཞིབ་བྱས་ཏེ། དུས་རིམ་ཡོངས་དང་བརྒྱུད་རིམ་ཡོངས་ནས་འབྲུ་སྣུམ་མུའུ་ཐོན་གྱི་གཏིང་ཤུགས་སྔོག་འདོན་བྱས་ཡོད།
ཨན་ཧུའེ་ཀོང་ཏེ་ཡིས་ད་ལོར་ཆུ་འབྲས་རྒྱ་ཁྱོན་ཆེན་པོས་ཐོན་འབྲས་ཕན་འབྲས་མཐོར་འདེགས་ཀྱི་ཚོད་ལྟ་དང་པོ་བྱས་ཡོད་ལ། ཉིན་འདི་དག་ལ། དཔེ་སྟོན་ཁུལ་གྱིས་ཆུ་འབྲས་ཀྱི་མྱུག་སོན་འཛུགས་བཞིན་ཡོད། ཐོན་འབྲས་ལེགས་པའི་སྤུས་ལེགས་རིགས་བརྒྱད་ནང་འདྲེན་བྱེད་པ་དང་། ལག་རྩལ་གསར་པ་མང་པོ་ཕྱོགས་བསྡུས་བྱས་ཏེ། མུའུ་ཐོན་བརྒྱ་ཆའི་བཅུའི་ཡན་ལ་མཐོར་འདེགས་བྱེད་ཐུབ། སྔོན་ལ་ཚོད་ལྟ་བྱས་པའི་རྨང་གཞིའི་ཐོག ད་ལོར་འབྲུ་རིགས་སོ་སོའི་ཐོན་ཁུལ་གཙོ་བོས་ད་དུང་རང་གི་གནས་བབ་དངོས་ལ་ཟུང་འབྲེལ་བྱས་ཏེ། ཡུལ་བབ་དང་བསྟུན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་འབྲུ་རིགས་ཐོན་ནུས་མཐོར་འདེགས་བྱས་ཡོད།
འབྲུ་རིགས་ཐོན་སྐྱེད་ཞིང་ཆེན་ཧེ་ལུང་ཅང་གིས་ད་ལོར་ལེགས་འཕྲུལ་ལེགས་གསབ་ཀྱི་ཤུགས་ཚད་ཇེ་ཆེར་བཏང་ནས། རླངས་ཤུགས་རང་བཞིན་གྱི་རྨོ་འདེབས་འཕྲུལ་ཆས་སོགས་སྔོན་ཐོན་གྱི་ཕན་ནུས་ཆེ་བའི་རྨོ་འདེབས་འཕྲུལ་ཆས་ཁྱབ་གདལ་གཏོང་གང་ཐུབ་བྱས་ཏེ། རྨོ་འདེབས་ཡག་པོའི་རྒྱ་ཁྱོན་མུའུ་བྱེ་བ་གཅིག་གི་ཡན་ལ་རྒྱ་བསྐྱེད་འཆར་ཡོད། དབྱར་གསུམ་སྐབས་གནམ་གཤིས་ལ་འགྱུར་ལྡོག་ཆེ་བའི་གནས་ཚུལ་ལ་དམིགས་ནས། ཧོ་ནན་དང་ཧྲན་ཏུང་སོགས་གྲོ་ཐོན་ཁུལ་གཙོ་བོས་སྤྱིར་བཏང་དང་བྲེལ་བ་ཆེ་དུས་གཉིས་ཀར་སྤྱོད་པའི་ས་ཁོངས་རང་བཞིན་གྱི་སྣ་འཛོམས་བབ་བསྟུན་ཞབས་ཞུའི་ལྟེ་གནས་བཙུགས་ནས། གནོད་སེལ་རྒུད་འཕྲིའི་ནུས་པ་མཐོར་འདེགས་བཏང་ཡོད། མིག་སྔར། གྲོ་བསྡུ་བའི་ཞིང་ཆེན་གལ་ཆེན་ཁག་གིས་འཛུགས་སྐྲུན་ས་ཁོངས་ཀྱི་ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ལྟེ་གནས་སུམ་སྟོང་དགུ་བརྒྱ་ལྷག་དང་རྒྱུན་རྣམ་ཅན་གྱི་ཞིང་འཕྲུལ་བབ་བསྟུན་ལས་སྒྲུབ་ཞབས་ཞུ་རུ་ཁག་དྲུག་སྟོང་དགུ་བརྒྱ་ལྷག་གིས་འདེབས་འཛུགས་དུད་ཁྱིམ་རྣམས་ལ་གྲོ་བསྡུ་ལེན་བྲེལ་འཚུབ་མེད་པ་བྱས་ཡོད།ད་ལོར་མི་བཟོས་རིག་ནུས་དང་སྲོལ་རྒྱུན་གྱི་ཞིང་ལས་ཟུང་འབྲེལ་སྔར་ལས་ཇེ་མགྱོགས་བཏང་ནས། རྩིས་རྒྱག་ལས་བསྐྲུན་པའི་ཞིང་ལས་ཀྱི་ཀླད་ཆེན་དེ་འདེབས་འཛུགས་མཁན་སྔར་ལས་མང་པོས་དངོས་ཡོད་ཐོན་སྐྱེད་ཁྲོད་བེད་སྤྱོད་བྱེད་ཅིང་། ཧུའུ་ནན་ཁྲང་ཧྲའི་རིག་ནུས་ཞིང་ར་འདི་རུ་ཚན་ཞིབ་ཚོགས་པས་རྒྱང་ཚོར་སྐྱེས་ཚུལ་བརྡར་གཅོད་དང་འགྱུར་ཚད་ལུད་རྒྱག་གནས་ཚུལ་ལེགས་སྒྲིག་སོགས་རྩིས་རྒྱག་དང་ལག་རྩལ་མང་པོ་ཞིབ་འཇུག་གསར་སྤེལ་བྱས་པར་མ་ཟད། རང་ཉིད་ཀྱི་ཞིབ་འཇུག་ལོ་ཏོག་གི་རྣམ་པར་དམིགས་ནས། མི་མེད་གནམ་གྲུས་སྨི་གྲུ་བཞི་མ་རིམ་པའི་འགྱུར་ལྡོག་ལྟར་ལུད་རྒྱག་ཆོག་ལ། གང་དུ་ཉུང་ན་དེ་རུ་ཁ་གསབ་བྱེད་པ་དང་། ཅི་ཞིག་ཆད་ན་དེ་གསབ་པ། ཇི་ཚད་ཆད་ན་དེ་ཚད་གསབ་ཐུབ་པ་རེད།
ད་ལོར་སྒུལ་ཤེད་ཆེ་བའི་ཞིང་ལས་འཕྲུལ་ཆས་དང་མི་མེད་འདྲུད་འཐེན་འཕྲུལ་འཁོར་སོགས་རིག་ནུས་ཅན་གྱི་ཞིང་ལས་སྒྲིག་ཆས་སྔར་ལས་མང་པོ་རེ་བས་ཁེངས་པའི་ཞིང་ཁ་རུ་བྲེལ་བས་ཞིང་ལས་བྱེད་ཅིང་ཡོད། ཞིང་ལས་ཐོན་སྐྱེད་ཀྱི་རྨོ་འདེབས་དང་འདེབས་འཛུགས། དོ་དམ། བརྔ་བསྡུ་སོགས་ཀྱི་གོ་རིམ་ཡོངས་སུ་ཁེབས་ཡོད་པས། དཔྱིད་འདེབས་དང་དབྱར་གསུམ་སྐབས་སུ་མྱུར་ཚད་ཇེ་མགྱོགས་བཏང་བ་རེད།
ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་གཤིན་པོ་ནས་སྙེ་མ་མགོ་ལྕོག་ལྡེམ་པའི་གསེར་མདོག་གི་ཞིང་ཁ་བཅས་སུ། ཚན་རྩལ་གསར་གཏོད་ཀྱི་སྒུལ་ནུས་འོག ཀྲུང་གོའི་ལྟོ་ཕོར་སྔར་ལས་ཁ་གང་ཞིང་བརྟན་ལ་ལྷག་ལྷག་རྒྱས་རྒྱས་འགྲོ་བཞིན་ཡོད།
འཕྲིན་སྟེགས། weikangba