སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་སྐུ་ཚབ་ཚོགས་ཆེན་ཐེངས་དགུ་པར་ཤིས་ཚིག་སྤྲིངས་པར་དོ་སྣང་ཆེན་པོ་ཐོབ།

2025-05-30
444

  ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་གང་ཐུབ་བྱེད་པ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་སྐུ་ཚབ་ཚོགས་ཆེན་ཐེངས་དགུ་པར་ཤིས་ཚིག་སྤྲིངས་པར་དོ་སྣང་ཆེན་པོ་ཐོབ། 

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་སྐུ་ཚབ་ཚོགས་ཆེན་ཐེངས་དགུ་པར་སྤྲིངས་པའི་ཤིས་ཚིག་ནང་། གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་ཚད་ལྡན་གསོ་སྐྱོང་བྱེད་པར་དམིགས་ནས། ལོ་ཆུང་གདོང་ལེན་རུ་མིས་རྒྱལ་གཅེས་ཏང་གཅེས་དང་། འབད་པ་ཡར་བརྩོན། ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་ལོ་ཆུང་ཡག་པོ་བྱེད་པར་སློབ་གསོ་སྐུལ་ཁྲིད་བྱེད་དགོས་ཞེས་ནན་གསུང་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོར་རྒྱ་ཆེ་བའི་ལོ་ཆུང་གདོང་ལེན་རུ་མི་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ།  ལོ་ཆུང་གདོང་ལེན་རུ་ཁག་གི་ལས་སྒྲུབ་པའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ་པ་རེད།

  ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་ཤིས་ཚིག་ནང་། ལོ་ཆུང་གདོང་ལེན་རུ་ཁག་གི་ལོ་ཆུང་བྱིས་པའི་འཚར་ལོངས་ཁྲོད་ནུས་པ་གལ་ཆེན་ཐོན་ནས། དུས་རབས་གསར་པའི་ལོ་ཆུང་ཡག་པོ་ལ་དམིགས་འབེན་དང་ཁ་ཕྱོགས་གསལ་པོ་བཏོན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོས་ཚང་མར་དྲོད་སྣང་སྟེར་བ་དང་སྐུལ་སློབ་ཐེབས་ཡོད་ཟེར།

  རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་གི་སྐུ་ཚབ་ཚོགས་ཆེན་ཐེངས་དགུ་པའི་སྐུ་ཚབ། ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཅའོ་ཅང་ཆུས་ཚོད་ལྟ་སློབ་ཆུང་གཉིས་པའི་ལོ་ཆུང་གདོང་ལེན་རུ་མི་ཞུས་ཧྲེང་ཡུའེ་ཡིས། ཨ་མྱེས་ཞི་ལགས་ཀྱིས་ཤིས་ཚིག་ནང་། ལོ་ཆུང་བྱིས་པ་ནི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་བའི་མ་འོངས་སྟོབས་ཤུགས་རེད་ཅེས་གསུངས་ཡོད། འདི་ནི་ང་ཚོ་ལོ་ཆུང་བྱིས་པར་གནང་བའི་ཐུགས་རེ་ཟབ་མོ་རེད། ང་ནི་ཀྲེ་ཅང་ཐའེ་ཀྲོའུ་ནས་ཡོང་བ་ཡིན། ཏཱ་ཁྲེན་གླིང་ཕྲན་གསར་སྦོལ་བྱེད་དུས་ཨ་མྱེས་ཨ་ཕྱི་ཚོས་དཀའ་སྤྱད་སྡུག་རུས་དང་། གཏོང་ཕོད་ཆེ་བའི་གཏམ་རྒྱུད་ཁྲོད་འཚར་ལོངས་བྱུང་བ་ཡིན། ང་ཚོས་གསར་སྦོལ་རུ་མི་ཚོ་དཔེ་སྟོན་དུ་བཟུང་ནས། སློབ་སྦྱོང་ཡག་པོ་དང་། རང་གཤིས་བཟང་པོས་འཚར་ལོངས་བྱུང་ནས། མེས་རྒྱལ་དང་མི་དམངས་ལ་དྲིན་ལན་འཇལ་དགོས་ཞེས་བཤད།

  ལྷ་ས་གྲོང་ཁྱེར་སློབ་ཆུང་གཉིས་པའི་ལོ་ཆུང་གདོང་ལེན་རུ་མི་པདྨ་ཆོས་འཛོམས་ཀྱིས་ངས་ཨ་མྱེས་ཞི་ལགས་ཀྱི་ཐུགས་རེ་ཆུད་ཟོས་མི་གཏོང་བར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་རྒྱུ་དེ་སེམས་ནང་འཇོག་པ་དང་། ཚན་རིག་རིག་གནས་ཀྱི་ཤེས་བྱ་སློབ་སྦྱོང་ནན་ཏན་བྱེད་པ་དང་། འཚར་ལོངས་བྱུང་རྗེས་ཚན་རིག་པ་ཞིག་བྱས་ནས་མེས་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།

  རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་མིའི་སྐུ་ཚབ་ཚོགས་ཆེན་ཐེངས་དགུ་པའི་སྐུ་ཚབ། ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་པའོ་ཐ་ཆུས་དབྱང་ཅ་ལེང་ཧྥུའུ་ཀྲོའུ་རེ་བའི་སློབ་ཆུང་གི་ལོ་་ཆུང་གདོང་ལེན་རུ་ཆེན་གྱི་ཟུར་ཁྲིད་མི་སྣ་ཐའོ་ཧྥེ་ལུང་གིས་ངས་སྤྲོ་བ་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཞི་ཅིན་ཕིང་གི་ཤིས་འཕྲིན་ལ་ཉན་པ་ཡིན། ལོ་ཆུང་གདོང་ལེན་རུ་ཆེན་གྱི་ཟུར་ཁྲིད་མི་སྣ་ཞིག་ཡིན་པའི་ཆ་ནས་ངའི་ཕྲག་སྟེང་དུ་འགན་འཁྲི་ལྕི་བ་དང་། ལས་འགན་གཟི་བརྗིད་ལྡན་པའི་མྱོང་ཚོར་ཟབ་མོ་འདུག་ཅེས་བཤད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བགྲོད་ལམ་གསར་པའི་ཐོག ལོ་ཆུང་གདོང་ལེན་རུ་མིས་རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་པ་དང་། གུང་ཁྲན་རིང་ལུགས་ཀྱི་ལས་རྒྱུན་འཛིན་མཁན་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་ལ་དོ་སྣང་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྱོང་བྱེད་མཁན་ཚད་ལྡན་ཞིག་བྱེད་པར་དམིགས་དགོས་ཞེས་གསུངས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ལོ་ཆུང་བྱིས་པ་ཁྲི་མ་འབུམ་མཐུན་སྒྲིལ་དང་སློབ་གསོ། སྣེ་ཁྲིད་ནས་གསར་བརྗེའི་སྲོལ་རྒྱུན་འཛིན་སྐྱོང་དང་། ཀྲུང་ཧྭའི་རིག་གནས་ཀྱི་རྒྱུན་སྐྱོང་བ། འབད་བརྩོན་གྱི་སྙིང་སྟོབས་འཛིན་པ་བཅས་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་ལ་དུས་རྟག་པར་གྲ་སྒྲིག་བྱེད་དགོས་ཞེས་བཤད།

  ཅང་ཞི་ཞིང་ཆེན་ཕིང་ཞང་གྲོང་ཁྱེར་ཨན་ཡོན་ཆུས་གྲོང་ཁུལ་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་མི་ཅང་ཙི་རུང་གིས་སྐེ་དཀྲིས་དམར་པོའི་འཁྲུངས་གཞིས་ཀྱི་ལོ་ཆུང་གདོང་ལེན་རུ་མི་ཞིག་ཡིན་པའི་ཆ་ནས་ངས་ཨ་མྱེས་ཞི་ལགས་ཀྱི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། སྲོལ་རྒྱུན་བཟང་པོ་འཛིན་སྐྱོང་དང་། གསར་བརྗེའི་སྲོལ་རྒྱུན་འཛིན་སྤེལ་བྱེད་པ་དང་། གསར་བརྗེའི་རིག་གནས་འགྲེལ་བཤད་བྱེད་མཁན་ཞིག་བྱས་ནས་སྐེ་དཀྲིས་དམར་པོའི་གཏམ་རྒྱུད་ཀྱིས་མི་སྔར་བས་མང་པོར་སེམས་འགུལ་ཐེབས་འཇུག་པ་དང་། གསར་བརྗེའི་རིག་གནས་ཀྱི་ལག་ལེན་པ་བྱེད་པ། ཕུགས་བསམ་རྒྱ་ཆེན་པོ་འཛུགས་པ། ཤེས་བྱ་སློབ་སྦྱོང་ཐད་འབད་བརྩོན་བཅས་བྱས་ནས་ཏང་གཅེས་རྒྱལ་གཅེས་དང་། འབད་བརྩོན་སློབ་དགའ། སྒོ་ཀུན་ནས་འཕེལ་རྒྱས་ཡོང་བའི་དུས་རབས་གསར་པའི་ལོ་ཆུང་ཞིག་བྱེད་ཡིན་ཞེས་བཤད་པ་རེད།

  ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོའི་ཁོངས་གཏོགས་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་ཆེན་གྱི་ཟུར་ཁྲིད་མི་སྣ་ལི་ཁྲེན་དབྱང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྙིང་སྟོབས་གཞིར་འཛིན་པ། ལུའོ་དབྱང་གི་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཐོན་ཁུངས་ལ་བརྟེན་ནས། སློབ་མ་ཚོ་ཁྲིད་དེ་ཡུལ་དངོས་སུ་ཀྲུང་ཧྭའི་རིག་གནས་འཚོལ་ཞིབ་བྱེད་དུ་འགྲོ་བ། ཁོ་ཚོར་ཀྲུང་ཧྭའི་དཔལ་ཡོན་གྱི་རྒྱུན་རིང་བའི་ལོ་རྒྱུས་དང་རླབས་ཆེན་སྙིང་སྟོབས་ཉམས་སུ་མྱོང་བཅུག་སྟེ། དེ་ལས་སྤྱོད་བཟང་ལ་སློབ་སྦྱོང་དང་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཡིད་ཆེས་ཇེ་ཆེ། སྟོབས་ཤུགས་བསྡུ་ལེན་བྱས་པ། ཆུང་དུས་ནས་ཀྲུང་གོ་བའི་ལ་རྒྱ་དང་དཔའ་སྟོབས། སྤོབས་པ་བཅས་གསོ་སྐྱོང་བྱས་ནས། ཀྲུང་ཧྭའི་དཔལ་ཡོན་གྱི་སྲུང་སྐྱོང་མཁན་དང་རྒྱུད་འཛིན་མཁན་བྱེད་དགོས་ཞེས་བཤད།



  • 顶