ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པར་རྟེན་འབྲེལ་ཞུས།

2025-05-29
408

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་བསླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་དང་། ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ན་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པར་མ་ཟད། རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར་དུས་ཆེན་ལ་སྤྲོ་སྐྱིད་ཡོང་བའི་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ནན་གྱིས་བསྟན་དོན། ན་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་མ་འོངས་པའི་སྟོབས་ཤུགས་གསར་པ་ཡིན་པ་དང་། ན་ཆུང་གདོང་ལེན་རུ་ཁག་ནི་ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བའི་སློབ་གྲྭ་ཆེན་མོ་ཞིག་རེད། སྐྱོད་ལམ་གསར་པའི་སྟེང་། ན་ཆུང་གདོང་ལེན་རུ་ཁག་གིས་རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་པ་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཚད་ལྡན་པ་གསོ་སྐྱོང་བྱ་རྒྱུར་དམིགས་ཏེ། རྒྱ་ཆེའི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཏང་ལ་དགའ་བ་དང་། མེས་རྒྱལ་ལ་དགའ་བ། སྙིང་རུས་ཆེན་པོས་སློབ་སྦྱོང་ལ་དགའ་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་བྱེད་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། ཏང་གིས་ན་ཆུང་གདོང་ལེན་རུ་ཁག་གི་བྱ་བར་འགོ་ཁྲིད་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། གུང་གཞོན་ཚོགས་པ་རྩ་འཛུགས་ཀྱི་ཚོགས་པ་ཡོངས་ཀྱི་སྣེ་ཁྲིད་འགན་འཁྲི་ཇེ་བརྟན་དུ་གཏོང་བ་བརྒྱུད་དེ། ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་བསྐྲུན་དགོས་ཤིང་། ན་ཆུང་གདོང་ལེན་རུ་ཁག་གི་བྱ་བའི་ཐད་མུ་མཐུད་དུ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་མགོ་རྩོམ་ཚོགས་འདུར་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན་གྱིས་ཚོགས་འདུའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་པ་མ་ཟད། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་ཆུང་བྱིས་པ་དང་གཞོན་ནུ་སྔོན་ཐོན་རུ་ཁག་གི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཕྱོགས་ཡོངས་ལ་མགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་གིས་ཚོགས་པ་འཛུགས་སྐྱོང་དང་རུ་ཁག་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། བྱིས་པ་ཚོ་འཚར་ལོངས་ཡོང་བར་ཁོར་ཡུག་བཟང་པོ་བསྐྲུན་དགོས། རྒྱ་ཆེའི་ན་ཆུང་གདོང་ལེན་རུ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་བློ་ལ་བརྟན་པོར་ངེས་ནས། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་དང་ཀྲུང་ཧྭ་རིག་གནས་རྒྱུད་འཛིན། འབད་འཐབ་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ཏེ། ཏང་ཞེན་རྒྱལ་གཅེས་དང་སློབ་གཉེར་ལ་འབད་བརྩོན། ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱ་རྒྱུའི་རེ་བ་ཡོད། 

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞུའེ་ཁེ་ལའེ་ཐི་·ཀྲ་ཁེར་དང་། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེན་ཡུའེ་ཡུའེ་བཅས་ཚོགས་འདུར་ཞུགས་ཡོད། 

ཚོགས་ཆེན་མགོ་རྩོམ་ཚོགས་འདུའི་ཐོག གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཨ་ཏུང་དང་། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཅ་དབྱི་བཅས་ཀྱིས་སོ་སོར་གུང་གཞོན་ཚོགས་པ་ཀྲུང་དབྱང་དང་སློབ་གསོ་པུའུ་ཡི་ཚབ་ཞུས་ནས་ཤིས་ཚིག་གནང་བ་རེད། ན་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་ཏང་གི་སྐད་ཆར་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་ནས། ན་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ནང་སློབ་སྦྱོང་དང་ལག་ལེན་བྱས་ནས་འཚར་ལོངས་བྱུང་བའི་གཏམ་རྒྱུད་སྙན་ཞུ་བྱས་པ་རེད། ཚོགས་ཆེན་གྱིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་ན་ཆུང་གདོང་ལེན་རུ་ཁག་གི་ཐུན་མོང་འཐུས་མིར་བྱ་དགའ་སྤྲད། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་རྒྱལ་ཡོངས་གཞོན་ནུ་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཝང་དབྱི་ཡིས་རྒྱལ་ཡོངས་གཞོན་ནུ་ལས་དོན་ཨུ་ལྷན་སྐབས་བརྒྱད་པའི་ཚབ་ཏུ་ལས་དོན་སྙན་ཞུ་གནང་བ་རེད། 

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན་དང་རྒྱལ་ཡོངས་གཞོན་ནུ་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི། རྒྱལ་ཡོངས་ཀྱི་ཕུལ་བྱུང་ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། རྒྱལ་ཡོངས་ཀྱི་ཕུལ་བྱུང་ན་ཆུང་གདོང་ལེན་རུ་ཁག་གི་ཐུན་མོང་འཐུས་མི། པེ་ཅིན་གྲོང་ཁྱེར་གྱི་ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་འཐུས་མི་སོགས་མི3000ཙམ་མགོ་རྩོམ་ཚོགས་འདུར་ཞུགས་ཡོད། །


  • 顶