དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཤར་རན་པའི་སྐབས་འདིར། ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་པེ་ཅིང་ནས་དབུ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྤྲིངས་ནས། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཚོགས་ཆེན་འཚོགས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་ཤིང་། རྒྱ་ཆེ་བའི་ན་ཆུང་གདོང་ལེན་རུ་མི་དང་ན་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པ། ན་ཆུང་གདོང་ལེན་རུ་ཁག་གི་ལས་སྒྲུབ་པར་ལྷག་བསམ་གྱི་འཚམ་འདྲི་གནང་བར་མ་ཟད། རྒྱལ་ཡོངས་གྲོགས་པོ་ཆུང་ཆུང་ཚོ་ལ་དུས་ཆེན་སྤྲོ་བོ་ཡོང་བའི་སྨོན་འདུན་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཤིས་འཕྲིན་ཁྲོད། ན་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་གང་ཐུབ་དང་། མི་རིགས་བསྐྱར་དར་གང་ལེགས་ཡོང་བའི་རླབས་ཆེན་བྱ་གཞག་གི་མ་འོངས་པའི་དམག་དཔུང་འབྱུང་གནས་ཡིན་ལ། ན་ཆུང་གདོང་ལེན་རུ་ཁག་ནི་ན་ཆུང་བྱིས་པའི་བདེ་ཐང་འཚར་ལོངས་ཀྱི་སློབ་གྲྭ་ཆེན་པོ་ཡིན། ལམ་བུ་གསར་པའི་ཐོག ན་ཆུང་གདོང་ལེན་རུ་ཁག་གིས་རུ་དར་མཐོ་རུ་སྒྲེང་ནས་ཏང་གི་རྗེས་ལ་འབྲངས། གུང་ཁྲན་རིང་ལུགས་་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དམིགས་སུ་བཟུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྱོང་པ་གསོ་སྐྱོང་གཙོ་བོ་བྱས་ཏེ། རྒྱ་ཆེ་བའི་ན་ཆུང་གདོང་ལེན་རུ་མི་ཏང་གཅེས་རྒྱལ་གཅེས་དང་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བ། ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་དུས་རབས་གསར་པའི་ན་ཆུང་ཡག་པོ་བྱེད་དགོས་པའི་སློབ་གསོ་དང་སྐུལ་ཁྲིད་བྱེད་དགོས། ཁྱོན་ཡོངས་ནས་ཏང་གིས་ན་ཆུང་གདོང་ལེན་རུ་ཁག་གི་ལས་ཀའི་འགོ་ཁྲིད་ཇེ་དྲག་བཏང་ནས། གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་ཚོགས་པ་ཡོངས་ཀྱི་རུ་ཁག་ཁྲིད་པའི་ལས་འགན་བརྟན་པོ་བྱས་ཏེ། ན་ཆུང་བྱིས་པའི་བདེ་ཐང་འཚར་ལོངས་ལ་ཁོར་ཡུག་དང་ཆ་རྐྱེན་ཡག་པོ་བསྐྲུན་ནས། ན་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་གིས་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་གང་ཐུབ་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཇུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་འགོ་ཚུགས་མཛད་སྒོའི་ནང་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཇུས་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥོང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྒྲོག་འདོན་བྱས་པར་མ་ཟད་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་ཕུལ། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་ཆུང་བྱིས་པ་དང་ན་ཆུང་གདོང་ལེན་རུ་ཁག་ལས་ཀར་གནང་བའི་བརྗོད་པ་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་འཛུགས་ཀྱིས་གུང་གཞོན་ཚོགས་པ་འཛུགས་སྐྱོང་དང་གདོང་ལེན་རུ་ཁག་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱས་ནས། བྱིས་པ་ཚོ་ལ་འཚར་ལོངས་ཁོར་ཡུག་ཡག་པོ་སྐྲུན་དགོས། རྒྱ་ཆེ་བའི་ན་ཆུང་གདོང་ལེན་རུ་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཡིད་ལ་བཟུང་བ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན། འབད་འབུངས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། ཏང་གཅེས་རྒྱལ་གཅེས་དང་། སློབ་སྦྱོང་ལ་བརྩོན་པ། ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་ན་གཞོན་ཡག་པོ་བརྩོན་ལེན་བྱེད་པ་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་དུ་ནམ་ཡང་གྲ་སྒྲིག་བྱེད་པའི་རེ་བ་ཡོད་ཅེས་གསུངས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་་་ཞུའེ་ཁེ་ལའེ་ཐི་་་བཀྲ་ཁེ་ཨེར་དང་། རྒྱལ་དོན་ཨུ་ཡོན་ཧྲེང་དབྱི་ཆིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེང་ཡུའེ་ཡུའེ་གྲོས་ཚོགས་ནང་ཞུགས། ཚོགས་ཆེན་འགོ་ཚུགས་ཚོགས་འདུའི་ཐོག གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཨ་ཏུང་དང་། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཅཱ་དབྱི་ཡིས་གུང་གཞོན་ཚོགས་པའི་ཀྲུང་དབྱང་དང་། སློབ་གསོ་པུའུ་ཡི་ཚབ་ཞུས་ནས་ཤིས་ཚིག་བརྗོད་པ་རེད། ན་ཆུང་གདོང་ལེན་རུ་མིའི་སྐུ་ཚབ་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། ན་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ནང་གི་སློབ་སྦྱོང་དང་ལག་ལེན་འཚར་ལོངས་ཀྱི་གཏམ་རྒྱུད་བརྗོད་པ་རེད། ཚོགས་ཆེན་ཐོག རྒྱལ་ཡོངས་ཕུལ་བྱུང་ན་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པ་དང་། རྒྱལ་ཡོངས་ཕུལ་བྱུང་ན་ཆུང་གདོང་ལེན་རུ་ཁག་གི་ཚོགས་པའི་སྐུ་ཚབ་ལ་དཔའ་རྟགས་གནང་བ་རེད། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་དབྱང་དབྱི་ཡིས་སྐབས་བརྒྱད་པའི་རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་ཀའི་སྙན་ཞུ་ཕུལ་བ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་པའི་འགན་ཁུར་བློ་མཐུན། ཐེངས་དགུ་པའི་རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་ཚོགས་འདུའི་སྐུ་ཚབ། རྒྱལ་ཡོངས་ཕུལ་བྱུང་ན་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པ། རྒྱལ་ཡོངས་ཕུལ་བྱུང་ན་ཆུང་གདོང་ལེན་རུ་ཁག་ཚོགས་པའི་སྐུ་ཚབ། པེ་ཅིན་གྲོང་ཁྱེར་ན་ཆུང་གདོང་ལེན་རུ་མི་དང་། ན་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པའི་སྐུ་ཚབ་སོགས་མི་སུམ་སྟོང་ལྷག་འགོ་ཚུགས་ཚོགས་འདུའི་ནང་ཞུགས་པ་རེད།
འཕྲིན་སྟེགས། weikangba