
ཚེས་ཉེར་གསུམ་ཉིན་ལུའུ་ཐུའུ་གསར་འགྱུར་ཁང་གིས་གསར་འགྱུར་སྤེལ་བར་གཞིགས་ན། ཚེས་ཉེར་གཉིས་ཉིན་འཇར་མན་དམག་དཔུང་དངོས་སུ་ལི་ཐུ་ཉི་ཡ་རུ་བཅའ་སྡོད་བྱས་པ་དང་། འཇར་མན་གྱི་ཙུང་ལི་མོ་ཚི་དང་ལི་ཐུ་ཉི་ཡའི་ཙུང་ཐུང་ནའོ་སའེ་ཏ་གཉིས་ཀྱིས་ཉིན་དེར་སྤེལ་བའི་དཔུང་སྡེ་བཅའ་སྡོད་བྱེད་པའི་མཛད་སྒོའི་ནང་ཞུགས་པ་རེད། འདི་ནི་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས་འཇར་མན་གྱིས་ཕྱི་རྒྱལ་དུ་བཅའ་སྡོད་དམག་དཔུང་འབོར་ཆེན་བཀོད་སྒྲིག་བྱས་པ་ཐེངས་དང་པོ་རེད།
གཞན་ལུའུ་ཐོའུ་གསར་འགྱུར་ཁང་གི་ཕྱོགས་བསྡུས་གསར་འགྱུར་དང་དེའི་སྔོན་དུ་སྤེལ་བའི་གསར་འགྱུར་ལ་གཞིགས་ན། འཇར་མན་གྱིས་ལི་ཐུ་ཉི་ཡ་རུ་རྒྱུན་སྡོད་དམག་དཔུང་མངགས་གཏོང་བྱ་རྒྱུའི་འཆར་གཞི་དེ་༢༠༡༧ལོ་ནས་འགོ་ཚུགས་པ་དང་འཇར་མན་ཕྱོགས་ཀྱིས་བྱ་སྤྱོད་དེ་ནི་༢༠༡༤ལོར་ཡུག་རེན་ལ་ཉམས་ཉེན་ཐོན་རྗེས་བྱང་ཆིངས་ཤར་ཕྱོགས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད་ཡིན་ཞེས་བསྟན།
གསར་འགྱུར་ནང་ད་དུང་། མིག་སྔར་ལི་ཐུ་ཉི་ཡའི་རྒྱལ་ས་ཝེར་ཉིའུ་སིར་བཅའ་སྡོད་འཇར་མན་དམག་མི་༤༠༠ལྷག་ཙམ་ཡོད་ལ། ༢༠༢༧ལོའི་ལོ་མཇུག་གོང་རྒྱུན་སྡོད་དམག་གྲངས་༥༠༠༠བར་མང་དུ་གཏོང་རྒྱུ་ཡིན་པ་དང་། དེའི་ནང་དམག་འཐབ་དཔོན་དམག་༤༠༠༠ཙམ་ཝེར་ཉིའུ་སིའི་ཉེ་འགྲམ་གྱི་ལུའུ་ཏེ་ཉིང་ཁའེ་དམག་དོན་རྟེན་གཞིར་བཅའ་སྡོད་བྱ་རྒྱུ་ཡིན་པ་རེད། ས་ཆ་དེ་ལི་ཐུ་ཉི་དང་བྷེ་ལ་རུ་སིའི་མཐའ་མཚམས་དང་བར་ཐག་སྤྱི་ལེ་༢༠ཙམ་ལས་མེད་པ་རེད། དེ་མིན་གཞན་དམག་དོན་འགན་གཙང་ལེན་མཁན་དང་ཞི་དཔོན་གྱི་ལས་འགན་འཁུར་མཁན་གྱི་དམག་གཅིག་སྟོང་ལི་ཐུ་ཉི་ཡའི་དབུས་རྒྱུད་ཀྱི་ལུའུ་ཁེ་ལ་བཅའ་སྡོད་བྱ་རྒྱུ་ཡིན་པ་བཅས་བསྟན།
འཇར་མན་དམག་དཔུང་བཅའ་སྡོད་བྱས་པའི་གནས་ཚུལ་ཐད་ནའོ་སའེ་ཏ་ཡིས་བྱ་སྤྱོད་དེ་བྱང་ཆིངས་ཀྱི་བདེ་འཇགས་སྒྲོམ་གཞི་དང་ཡོ་རོབ་ཧྲིལ་པོའི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་གི་དོན་རྐྱེན་ཞིག་རེད་ཅེས་བཤད། མོ་ཚིས་ད་དུང་བྱ་སྤྱོད་འདིའི་ངོས་ནས་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་དམག་དེ་དུས་རབས་གསར་པའི་ནང་སླེབས་པ་མཚོན་གྱི་ཡོད་པ་བསྟན། བྱང་ཆིངས་ཀྱི་ཐུན་མོང་འགོག་སྲུང་གི་དམ་བཅའ་བསྐྱར་བསྒྲགས་བྱས་རྗེས་མོ་ཚིས་ད་དུང་གཏམ་བཤད་སྐབས་ཝེར་ཉིའུ་སི་སྲུང་སྐྱོབ་བྱེད་པ་ནི་པེར་ལིན་སྲུང་སྐྱོབ་བྱ་རྒྱུ་དང་གཅིག་མཚུངས་ཡིན་པ་བསྟན།
འཕྲིན་སྟེགས། weikangba