ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་སོ་བཞི་པར་ཤིས་འཕྲིན་སྤྲིངས་པ།

2025-05-19
218

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། ཟླ5པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཚོགས་འདུའི་རེས་སྐོར་ཀྲུའུ་ཞི་དབྱི་རག་གི་ཙུང་ཐུང་ལཱ་ཞིས་ཏི་ལ་ཤིས་འཕྲིན་སྤྲིངས་ནས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་སོ་བཞི་པ་པ་ཀི་ཏར་བསྡུས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་བཙུགས་ནས་ལོ་འཁོར80ལོན་པའི་རིང་ལ། ཐོག་མཐའ་བར་གསུམ་དུ་ཨ་རབ་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་དར་ལ་སྐུལ་འདེད་གཏོང་བར་གཞོལ་ནས། ཨ་རབ་རྒྱལ་ཁབ་ཀྱི་ཐུན་མོང་གི་བསམ་འདུན་བཏོན་ཏེ་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་། དར་སྤེལ་བཅས་ལ་སྐུལ་འདེད་བཏང་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་སྒོས་འཕེལ་བཞིན་ཡོད་པ་དང་། དབུས་ཤར་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་འགྲོ་བཞིན་ཡོད་པས། ཨ་རབ་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་རྒྱུན་འཁྱོངས་དང་།  དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་བཙུགས་ཡོད། 2022ལོའི་ཟླ12པར། ང་ཨ་རབ་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་དང་པོར་ཞུགས་པ་དང་། དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་འཛུགས་པར་མོས་མཐུན་བྱུང་། 2026ལོར། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་གཉིས་པ་ཀྲུང་གོ་རུ་བསྡུ་རྒྱུ་ཡིན་པ་དང་། དེ་ནི་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་ངེས་པར་ཡིད་ཆེས་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་ཕན་ཚུན་བར་གྱི་འབྲེལ་བར་ལྟ་བཞིན་ཡོད། མ་འོངས་པར་རྒྱང་ལྟ་བྱས་ན།  ཀྲུང་གོ་དུས་ནམ་ཡང་ཨ་རབ་རྒྱལ་ཁབ་ཀྱིས་ཡིད་རྟོན་ཆོག་པའི་གྲོགས་པོ་དང་ཟླ་གྲོགས་ཡིན་ལ། ཨ་རབ་རྒྱལ་ཁབ་ཀྱི་དྲང་བདེན་ལས་དོན་ཐད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ངེས་ཡིན།  ཀྲུང་གོས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་གྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་བཅས་བྱས་ནས། རང་སོ་སོའི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཡིན། །


  • 顶