རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་17ཉིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་འགོ་གཙོའི་ལས་འཛིན་ལྷན་ཚོགས་གྲོས་ཚོགས་ཀྱི་རེས་འཁོར་ཀྲུའུ་ཞི་དབྱི་རག་གི་ཙུང་ཐུང་ལ་ཞི་ཏེར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། སྐབས་སུམ་ཅུ་སོ་བཞི་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་པ་ཀ་ཏར་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
ཞི་ཅིན་ཕིང་གིས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་བཙུགས་ནས་ལོ་80སོང་ཚུན། ཐོག་མཐའ་བར་གསུམ་དུ་ཨ་རབ་འཛམ་གླིང་མཉམ་འབྲེལ་དང་རང་སྟོབས་རང་སྤེལ་ལ་ཤུགས་སྣོན་བརྒྱབ་ཡོད་པ་དང་། ཨ་རབ་རྒྱལ་ཁབ་ཐུན་མོང་གི་སེམས་སྒྲ་ཧུར་ཐག་བཏོན་ནས། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་བཏང་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། དབུས་ཤར་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད། ཨ་རབ་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་རྒྱུན་འཁྱོངས་དང་། འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད། དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་ནས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་བཏོད་ཡོད། 2022ལོའི་ཟླ་12པར། ང་རང་དང་ཨ་རབ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མཉམ་དུ་སྐབས་དང་པོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་ལ་ཞུགས་ནས་དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་འཛུགས་རྒྱུའི་མོས་མཐུན་བྱས་ཡོད། 2026ལོར། སྐབས་གཉིས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་ཀྲུང་གོར་འཚོག་རྒྱུ་ཡིན་པས། དེ་ཉིད་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་གཞན་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཡུན་གྱི་ལྟ་ཕྱོགས་ཐོག་ནས་ཕན་ཚུན་གྱི་འབྲེལ་བར་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་རབ་རྒྱལ་ཁབ་ཀྱི་ཡིད་རྟོན་རུང་བའི་གྲོགས་པོ་དང་རོགས་ཟླ་བྱས་ཏེ། ཨ་རབ་རྒྱལ་ཁབ་ཀྱི་དྲང་བདེན་བྱ་གཞག་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་རྒྱུ་ཡིན། ཀྲུང་གོས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རང་སོའི་དེང་རབས་ཅན་གྱི་ལམ་བུའི་ཐོག་མཉམ་དུ་མདུན་སྐྱོད་དང་ཆུ་ཚད་དེ་བས་མཐོ་བའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
འཕྲིན་སྟེགས། weikangba