ཨ་རིའི་བྱ་སྤྱོད་འདིར་ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ།

2025-05-18
385

  སྤྱི་ཚེས་16ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་ཡོད། གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཚོང་དོན་པུའི་བཟོ་ལས་དང་བདེ་འཇགས་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ནས་ཧྭ་ཝེ་ཧྲེང་ཐེང་ཉིང་ལྷེབ་བེད་སྤྱོད་པ་དེ་ཨ་རིའི་ཕྱིར་གཏོང་དོ་དམ་ལས་འགལ་བའི་བྱ་སྤྱོད་ལ་བརྩིས་ཐོག སྤྱི་དམངས་ཀྱིས་ཨ་རིའི་མི་ཐབས་རིག་ནུས་ཉིང་ལྷེབ་སྤྱད་དེ་ཀྲུང་གོའི་མི་ཐབས་རིག་ནུས་དཔེ་དབྱིབས་ལ་སྦྱོང་བརྡར་བྱས་ན་མི་མངོན་པའི་མཇུག་འབྲས་ཐོན་པའི་སྐོར་ཉེན་བརྡ་བཏང་ཡོད། ཀྲུང་གོ་ཕྱོགས་ནས་དེའི་ཐད་དཔྱད་བརྗོད་གང་འདྲ་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

  ལིན་ཅན་གྱིས། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་གོ་དོན་ཁྱབ་ཆེར་གཏོང་བ་དང་། ཕྱིར་གཏོང་དོ་དམ་དང་ལག་རིང་དོ་དམ་གང་བྱུང་དུ་སྤྱད་པ། དོན་མེད་ངང་ཀྲུང་གོའི་ཉིང་ལྷེབ་ཐོན་རྫས་དང་མི་ཐབས་རིག་ནུས་ཐོན་ལས་ལ་གནག་སེམས་ཀྱིས་བཀག་སྡོམ་དང་བཙན་གནོན་བཅས་བྱེད་པ་ནི་ཚོང་རའི་སྒྲིག་སྲོལ་དང་ཚབས་ཆེན་འགལ་བ་དང་། གོ་ལ་ཧྲིལ་པོའི་ཐོན་སྐྱེད་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་དཀྲོག་རྐྱེན་ཚབས་ཆེན་བཟོས་པ། ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བ་བཅས་ཡིན་པས། ཀྲུང་གོས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། དང་ལེན་རྩ་བ་ཉིད་ནས་བྱེད་མི་སྲིད།

  ཀྲུང་གོ་ཕྱོགས་ནས་ཨ་རིར་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་པའི་བཙན་དབང་གི་ནོར་འཁྲུལ་བྱ་སྤྱོད་འཕྲལ་མར་ཡོ་བསྲང་དང་། ཀྲུང་གོའི་ཚན་རྩལ་ཁེ་ལས་དང་མི་ཐབས་རིག་ནུས་ཐོན་ལས་ལ་མ་མཐའི་མཚམས་ཐིག་མེད་པའི་བཙན་གནོན་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོས་བྱ་ཐབས་མཐའ་གཅིག་ཏུ་བཟུང་ནས། རང་ངོས་གོང་འཕེལ་གྱི་ཁེ་དབང་དང་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།


  • 顶