ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་ལ་ཐུག་འཕྲད་གནང་།

2025-05-15
264

  ཟླ་བ་ལྔ་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཕེབས་ནསཀྲུང་གོ་དང་ལ་ཏིང་མེ་གླིང་། ཅ་ལི་པིའི་རྒྱལ་ཁབ་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ནང་ཞུགས་པའི་ཆི་ལིའི་ཙུང་ཐུང་པོ་ལི་ཆི་ལ་ཐུག་འཕྲད་གནང་བ་རེད།

  ཞི་ཅིན་ཕིང་གིས།ད་ལོ་ནི་ཀྲུང་གོ་དང་ཆི་ལིའི་བར་འབྲེལ་བ་བཙུགས་ནས་ལོ་ང་ལྔ་འཁོར་བའི་ལོ་ཡིན། ལོ་ང་ལྔའི་སྔོན་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་པ་རྣམས་ཀྱིས་མིག་རྒྱང་རིང་པོ་དང་འཇམ་འཐབ་ལས་གྲོལ་ཏེ། ཀྲུང་གོ་གསར་པ་དང་མེ་གླིང་ལྷོ་མའི་རྒྱལ་ཁབ་བར་འབྲེལ་བ་འཛུགས་པའི་སྲོལ་ཐོག་མར་བཏོད། དུས་རབས་ཕྱེད་ལྷག་གི་རིང་ལ། རྒྱལ་སྤྱིའི་འགྱུར་ལྡོག་ཇི་ལྟར་བྱུང་ནའང་། ཀྲུང་གོ་དང་ཆི་ལིའི་འབྲེལ་བའི་གྲུ་ཆེན་དེ་གེགས་རྐྱེན་དྲག་རླབས་ཆོད་དེ་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ཡོད། ཀྲུང་གོ་དང་ཆི་ལི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་རབས་ཀྱི་ནང་སྙིང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཞིང་། ཀྲུང་གོ་དང་ལ་ཏིང་མེ་གླིང་ཅ་ལི་པི་རྒྱལ་ཁབ་འཕེལ་རྒྱས་ཀྱི་མ་དཔེ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་མིག་དཔེ་བསྐྲུན་ནས། མཉམ་དུ་མིའི་རིགས་ཀྱི་ཞི་བདེ་དང་ཡར་རྒྱས་ཀྱི་བྱ་གཞག་སྤེལ་གང་ཐུབ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས། ཀྲུང་གོས་ཆི་ལི་དང་མཉམ་པོར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་དང་། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ། གཉིས་ཁེ་མཉམ་ཕན་བཅས་རྒྱུན་འཁྱོངས། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ཇེ་དྲག་གཏོང་བ། ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་ཆེ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། རང་རང་གི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཞིང་ནགས་འབྲོག་ཉ་དང་། ཐོན་ལས་དངུལ་གཏོང་། རྨང་གཞི་སྒྲིག་ཆས། འབག་མེད་གཏེར་ལས་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་ཟབ་སྤེལ་བཏང་སྟེ། གནམ་དཔྱད་དང་གླིང་སྣེ། མིས་བཟོས་རིག་ནུས། སྐྱེ་དངོས་སྨན་རྫས། ཨང་ཀིའི་དཔལ་འབྱོར་སོགས་འཕར་གནས་གསར་པ་སྐྱོང་དགོས། ཀྲུང་གོས་ཀྲུང་གོའི་ཁེ་ལས་མང་པོ་ཆི་ལི་ལ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཆི་ལིའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོའི་ཚོང་རར་སྤེལ་བར་དགའ་བསུ་བྱེད་བཞིན་ཡོད།

  ཕྱོགས་གཉིས་ཀྱིས་ཤེས་དཔལ་སྤེལ་རེས་ཇེ་དྲག་དང་། སློབ་གསོ་དང་རིག་གནས། འཕྲིན་སྦྱོར། ན་གཞོན་སོགས་ཀྱི་སྤེལ་རེས་བྱེད་སྒོ་ཡག་པོ་སྤེལ་བ། མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་ཡོང་བར་སྤྱི་ཚོགས་ཀྱི་དམངས་འདུན་རྨང་གཞི་ཡག་པོ་འདིང་དགོས། མིག་སྔར། རྒྱལ་སྤྱིའི་གནས་སྟངས་རྙོག་འཛིང་ཆེ་ལ། ཕྱོགས་ལྷུང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མི་མཐུན་རྩུབ་སྤྱོད་མང་པོས། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་ལ་གནོད་པ་ཚབས་ཆེན་ཐེབས་ཡོད། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྲུང་སྐྱོང་བརྟན་པོ་བྱེད་མཁན་ཡིན་པའི་ཆ་ནས། ཀྲུང་གོ་དང་ཆི་ལི་ཡིས་ཕྱོགས་མང་མཉམ་ལས་ཇེ་དྲག་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས་ཞེས་ནན་གསུང་གནང་པ་རེད།

  པོ་ལི་ཆི་ཡིས། ཆི་ལི་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་ལ་མཐོང་ཆེན་ཚད་མེད་བྱེད་བཞིན་ཡོད་ལ། ཀྲུང་གོ་ནི་ཆི་ལི་ཡི་ཉོ་ཚོང་རོགས་ཟླ་ཧ་ཅང་གལ་ཆེ་ཤོས་ཡིན་པ་དང་། ཕྱོགས་གཉིས་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད། ཆི་ལི་ཡིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བརྟན་པོ་དང་། ཀྲུང་གོ་དང་མཉམ་དུ་ཉོ་ཚོང་དང་མ་འཇོག མིས་བཟོས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་རྒྱ་བསྐྱེད་དང་། སྤུས་མཐོའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་། མི་ཆོས་རིག་གནས་སྤེལ་རེས་ཟབ་མོ་བྱས་ནས། ཆི་ལི་དང་ཀྲུང་གོའི་འབྲེལ་བ་ལ་སྔར་ལས་དངོས་ཐོག་ལག་ཟིན་གྱི་གྲུབ་འབྲས་ཐོབ་པའི་རེ་བ་ཡོད། རྒྱལ་ཁབ་ཁག་གིས་རང་མོས་ཉོ་ཚོང་དང་གཉིས་ཕན་གཉིས་ཁེ་རྒྱུན་འཁྱོངས་བྱེད་དགོས་ལ།ཉོ་ཚོང་གིས་རྒྱལ་ཁབ་གཅིག་གི་ཁེ་ཕན་ལ་ཞབས་ཞུ་མི་བྱེད་ཅིང་།ཉོ་ཚོང་འཁྲུག་རྩོད་ལས་སུ་ལའང་ཁེ་ཕན་ཐོབ་ལམ་མེད་པས། ཆི་ལི་ཡིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་བརྟན་པོ་དང་། གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་རྒྱུན་འཁྱོངས་ནས། མཉམ་དུ་རྒྱལ་སྤྱིའི་དྲང་བདེན་དྲང་གཞག་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

པོ་ལི་ཆི་ཀྲུང་གོར་འཚམས་འདྲིར་ཕེབས་རིང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་དཔེ་སྐྲུན། འགོས་ནད་ཞིབ་བཤེར། འཕྲིན་སྦྱོར་རིག་མཛོད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པ་རེད།


  • 顶