ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས13ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་རིག་རྩལ་ཡུལ་སྐོར་ཚན་རྩལ་ཅུས་ནས་ཤེས་གསལ་ལྟར་ན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཟི་ལིང་ཐང་ཆེན་དུ་གནས་པའི“མཚོ་ནུབ2261རྨ་ཙོང་རིག་གནས་ཚོགས་ཆེན”(གཤམ་དུ་རིག་གནས་ཚོགས་འདུ་ཆེན་པོ)གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ནས་ཟླ5བའི་ཚེས19ཉིན་སྤྱོད་མགོ་ཚུགས་རྒྱུ་ཡིན་པ་རེད། གྲོང་ཁྱེར་གྱི་རིག་གནས་བར་སྟོང་གསར་པ་དེར་འགྲེམས་སྟོན་དང་། ཉམས་ལེན། འཛད་སྤྱོད་བཅས་གཞི་གཅིག་ཏུ་འདུས་ཡོད་པས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།
རིག་གནས་ཚོགས་འདུ་ཆེན་པོ་དེ་རིག་གནས་འགྲེམས་སྟོན་དང་། རིག་གནས་བྱང་བུ་རྒྱག་པ། རིག་གནས་བྱེད་སྒོ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་བརྗོད་དོན་ལེའུ་ཆེན་པོ་བཞི་ལ་དབྱེ་ཡོད། རིག་གནས་འགྲེམས་སྟོན་གྱི་ལེའུ་དེས་ཀྲུང་བོད་གསོ་རིག་གི་ཉམས་ལེན་དང་། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན། གནའ་བོའི་རྩེད་ཆས་དཔྱད་ཞིབ། ལུས་རྩལ་ཁང་གི་མཉམ་འགུལ་སོགས་ལ་བརྟེན་ནས་སྨྱན་མང་གཟུགས་འགྲེམས་སྟོན་དང་དངོས་རྫས་འགྲེམས་སྟོན་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་སྤྱད་དེ། མཚོ་སྔོན་ཞིང་ཆེན་གྱི་སྣ་མང་རིག་གནས་ཀྱི་ལོ་རྒྱུས་དང་། དམངས་སྲོལ་གོམས་གཤིས་དང་སྲོལ་རྒྱུན་ལག་རྩལ་བཅས་ཕྱོགས་ཡོངས་དང་ཕྱོགས་མང་པོའི་ཐོག་མངོན་པ་དང་། རིག་གནས་བྱང་བུ་རྒྱག་པའི་ལེའུ་དེ་གཟའ་སྒྱུ་རྩལ་སྒྲིག་ཆས་བྱང་བུ་རྒྱག་པའི་ཁུལ་དང་། ཆ་འཕྲིན་ཡོངས་འཕྲོ་གྲིབ་ལྡེབས་རིས་གྱང་བྱང་བུ་རྒྱག་པའི་ཁུལ། སྦངས་པའི་གློག་འོད་མཉམ་འགུལ་བྱང་བུ་རྒྱག་པའི་ཁུལ། རིག་ནུས་ཅན་གྱི་ངལ་གསོ་དང་བརྗོད་དོན་གྱི་ཁ་ཧྥེ་བྱང་བུ་རྒྱག་པའི་ཁུལ་བཅས་ལ་བརྟེན་ནས་སྤྲོ་གསེང་དང་སྤྱི་ཚོགས་འབྲེལ་འདྲིས་དང་། རིག་གནས་ཉམས་ལེན་བྱང་བུ་རྒྱག་པ། སྲོལ་རྒྱུན་རིག་གནས་གྲངས་འཛིན་ཅན་གྱི་འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་ནུས་པ་མང་བའི་བར་སྟོང་བསྐྲུན་པ། རིག་གནས་བྱེད་སྒོའི་ལེབ་དུམ་གྱིས་འདུ་ཚོགས་ཆེན་པོའི་གར་སྟེགས་གཙོ་བོ་དང་བར་སྟོང་གཞན་དག་སྤྱད་དེ་ཆེད་ལས་འཁྲབ་སྟོན་དང་། གསར་གཏོད་འགྲེམས་སྟོན། རིག་གནས་སྤེལ་རེས་ཀྱི་ནུས་པ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་བར་སྟོང་བསྐྲུན་པ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ལེའུ་ཁག་གིས་མི་རིགས་རིག་གནས་ཉམས་ལེན་གྱི་བར་སྟོང་བསྐྲུན་ནས་མི་རིགས་ཀྱི་རྒྱན་གོས་འགྲེམས་སྟོན་དང་སྲོལ་རྒྱུན་གྱི་ལག་རྩལ་ཉམས་ལེན་དང་། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམས་སྟོན་ཁུལ་འཛུགས་རྒྱུ་ཡིན་པ་རེད། རིག་གནས་ཚོགས་འདུ་ཆེན་པོར་ཡུན་རིང་འགྲེམས་སྟོན་ཁུལ10དང་། རང་ཚུགས་ངང་གཉེར་སྐྱོང་བྱེད་པའི་ཡང་བའི་བཟའ་བཅའི་ཁུལ་གྱི་ཁྲོམ་སྟེགས10། རིག་གནས་གསར་གཏོད་ཐོན་རྫས་དང་དེ་བཞིན་གཟུགས་འདས་ཤུལ་བཞག་རིག་གནས་ལག་ཤེས་ཁྲོམ་སྟེགས་ཁུལ34བཅས་བཙུགས་ཡོད་པ་མ་ཟད། ད་དུང་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དང་། ཞིང་ཆེན་རིག་གནས་ཁང་། ཞིང་ཆེན་སྒྱུ་རྩལ་ཁང་། ཞིང་ཆེན་དཔེ་མཛོད་ཁང་བཅས་དང་མཉམ་དུ་འབྲེལ་ཡོད་རིག་གནས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
དེ་དང་ཆབས་ཅིག་རིག་གནས་ཚོགས་འདུ་ཆེན་པོས“རི་མགོ་ཆུ་ཁུངས·མཛེས་སྡུག་མཚོ་སྔོན”བརྗོད་དོན་དུ་བྱས་ཤིང་། སྲོལ་རྒྱུན་དུས་ཆེན་སོགས་ཀྱི་དུས་ཚོད་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་བརྗོད་དོན་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་པ་དང་འབྲེལ་སྒྲིག་འཛུགས་ལག་བསྟར་བྱས་ནས་ལོ་ཧྲིལ་པོར་གཟའ་འཁོར19ཡི་རིག་གནས་བྱེད་སྒོ་སྤེལ་རྩིས་ཡོད། ཟླ5བའི་ཚེས19ཉིན་ནས་ཟླ5བའི་ཚེས23ཉིན་བར་ཚོགས་འདུ་མགོ་ཚུགས་མཛད་སྒོ་འཚོགས་པ་དང་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས་པ་དང་རིག་གནས་གསར་གཏོད་ཐོན་རྫས་དང་། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན། རིག་གནས་ཉམས་ལེན་བྱེད་སྒོ་བཅས་སྤེལ་བ་རེད། ཟླ5བའི་ཚེས29ཉིན་ནས་ཟླ7པའི་ཚེས23ཉིན་བར་གྲོང་ཁྱེར་དང་ཁུལ་གྱི་གཙོ་རའི་བྱེད་སྒོ་སྤེལ་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཟླ7པའི་ཚེས24ཉིན་ནས་ཟླ9བའི་ཚེས17ཉིན་བར། རྫོང་དང་ཆུས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་དགོས་མཁོར་གཞིགས་ནས་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དང་རིག་གནས་ཚོང་ཟོག་འགྲེམས་ཚོང་ངོ་སྤྲོད་བྱེད་སྒོ་སྤེལ་རྒྱུ་རེད། ཟླ9བའི་ཚེས18ཉིན་ནས་ཟླ10པའི་ཚེས8ཉིན་བར“ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་བའི”ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་ཆེད་དོན་བྱེད་སྒོ་གཉེར་ནས་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་ནས་ཐོན་ལས་མཉམ་ལས་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུ་རེད། །
འཕྲིན་སྟེགས། weikangba