ཝང་དབྱི་ཡིས་ཐུན་མོང་ཐོག་ཅ་ལེ་པིའི་ཕྱི་འབྲེལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་འཐུས་མིར་ཐུག་འཕྲད་གནང་བ།

2025-05-14
365

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཚེས12ཉིན་པེ་ཅིན་དུ་ཐུན་མོང་ཐོག་ཀྲུང་གོར་ཀྲུང་གོ་དང་ལ་མེའི་ཐུན་མོང་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་ཞུགས་པར་ཕེབས་པའི་ཨན་ཐི་ཀྭ་དང་པ་པུ་ཏ་དང་། པ་ཧ་མ། པ་པ་ཏོ་སི། ཏུའོ་སྨི་ཉི་ཁེ། ཀེ་རེན་ན་ཏ། ཀུའེ་ཡ་ན། ཡ་མའེ་ཅ། སུའུ་རི་ནན། ཐེ་ལི་ཉི་ཏ་དང་ཐོ་པ་ཀོ་སོགས་ཅ་ལེ་པིའི་ཕྱི་འབྲེལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་དེ་བཞིན་འཐུས་མིར་ཐུག་འཕྲད་གནང་།

ཝང་དབྱི་ཡིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་ལ་མའེ་ཐུན་མོང་གླེང་སྟེགས་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན། ལོ་བཅུའི་རིང་། ཀྲུང་གོ་དང་ཅ་ལེ་པི་ཡི་ཁྱོན་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཅ་ལེ་པིའི་ཕྱི་འབྲེལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཚང་མའི་མགོ་ཁྲིད་པས་ཀྲུང་གོར་འཚམས་འདྲིར་ཕེབས་མྱོང་བ་དང་། ཀྲུང་གོ་དང་ཅ་ལེ་པིའི་མཉམ་ལས་གཙོ་གནད་རྣམ་གྲངས་འབོར་ཆེན་ཞིག་བེད་སྤྱོད་དམ་ཡང་ན་བདེ་བླག་ངང་སྐུལ་འདེད་བཏང་བ་དང་། མི་ཆོས་རིག་གནས་བརྗེ་རེས་ཉིན་བཞིན་ཇེ་མང་དུ་ཕྱིན་ཡོད། གླེང་སྟེགས་ཀྱིས་ཀྲུང་གོ་དང་ཅ་ལེ་པི་ཕན་ཚུན་གྱི་གྲུབ་འབྲས་ལ་རོགས་རམ་བྱས་པ་མ་ཟད། ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་ཡོད།

ཝང་དབྱི་ཡིས་བསྟན་དོན། ཅ་ལེ་པི་རྒྱལ་ཁབ་ནི་ཀྲུང་གོ་དང་ལ་མེ་ཐུན་མོང་གླེང་སྟེགས་ཀྱི་མེད་དུ་མི་རུང་བའི་ཁོངས་མི་ཡིན། མ་འོངས་པར་རྒྱང་ལྟ་བྱས་ན། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་གནད་དོན་ཐད་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱ་དགོས། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། ཅ་ལེ་པི་རྒྱལ་ཁབ་ཀྱིས་རང་བདག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རོགས་རམ་བྱ་དགོས། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བར། ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་མང་བའི་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་གསོ་སྦྱོང་གི་མི་གྲངས་ཇེ་མང་དུ་གཏོང་རྒྱུ་ཡིན། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། སྔར་ལས་གཞུང་དྲང་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་དགོས། ཀྲུང་གོ་ཕྱོགས་ཀྱིས་ཅ་ལེ་པི་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་མུ་མཐུད་དུ་རོགས་རམ་མཁོ་འདོན་བྱས་ནས། ཅ་ལེ་པི་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་དེ་བས་ཆེན་པོ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཅ་ལེ་པི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་སོགས་ཀྱིས་བསྟན་དོན། ཀྲུང་གོ་ཕྱོགས་གྱིས་དུས་ཡུན་རིང་པོའི་ནང་ཅ་ལེ་པི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་འགག་རྩའི་ཁྱབ་ཁོངས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ནས། ཅ་ལེ་པི་རྒྱལ་ཁབ་ཀྱིས་མི་དམངས་ཀྱི་བདེ་རྩ་ཇེ་ལེགས་སུ་གཏོང་བ་དང་། དཔལ་འབྱོར་གྱི་མཉེན་གཤིས་ཆེ་རུ་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་ལ་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ནི་ཅ་ལེ་པི་དང་ཀྲུང་གོའི་འབྲེལ་བའི་རྨང་རྡོ་ཡིན་པ་དང་། ཅ་ལེ་པི་རྒྱལ་ཁབ་ཁག་གིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱ་རྒྱུ་ཡིན། ཅ་ལེ་པི་ཕྱོགས་ཀྱིས་ཀྲུང་གོ་དང་ལ་མེ་ཐུན་མོང་གླེང་སྟེགས་ཐོག་ནས་ལྷོ་ལྷོ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་རེ་སྒུག་བྱེད་བཞིན་ཡོད། །


  • 顶