ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚེས8ཉིན་ཁྱབ་བསྒྲགས་བྱས་པའི《2024ལོའི་དབང་པོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་བསྡོམས་རྩིས་སྤྱི་བསྒྲགས》ལས་མངོན་པ་ལྟར་ན། 2024ལོར་རྒྱལ་ཡོངས་ཤང་གྲོང་གི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་ལས་ཞུགས་མི་གྲངས་ཁྲི914.4ཡོད་པ་དང་། མི་ཁྲི51.2གསར་དུ་འཕར་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། དབང་སྐྱོན་སྔོན་འགོག་དང་དབང་པོ་སྐྱོན་ཅན་བདེ་ཐང་སླར་གསོའི་ཞབས་ཞུའི་སྤུས་འབྲས་ལེགས་གཏོང་དང་། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ཁྱིམ་ཚང་གིས་སྨན་པར་གན་རྒྱ་བཞག་ཚད་སྤྱིར་བཏང་གི་མི་ཚོགས་ལས་མཐོ་བ་ཡིན། དབང་པོ་སྐྱོན་ཅན་ཁྲི866.8ལ་གཞི་རྩའི་བདེ་ཐང་སླར་གསོའི་ཞབས་ཞུ་ཐོབ་པ་དང་། དབང་པོ་སྐྱོན་ཅན་ཁྲི155.3ལ་གཞི་རྩའི་ཁམས་གསོ་རམ་འདེགས་ཡོ་བྱད་ཆ་སྡེབ་ཞབས་ཞུ་ཐོབ་ཡོད་ལ། དབང་པོ་སྐྱོན་ཅན་བྱིས་པ་ཁྲི49.9ལ་བདེ་ཐང་སླར་གསོའི་རོགས་སྐྱོབ་ཐོབ་ཡོད། 2024ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་སུ་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་སྒྲིག་གཞི13297ཡོད་པ་དང་བདེ་ཐང་སླར་གསོའི་སྒྲིག་གཞིའི་ལས་གནས་སུ་ཡོད་པའི་མི་སྣ་ཁྲི37.3ལ་སླེབས་ཡོད།
སློབ་གསོའི་ཐད། རྒྱལ་ཡོངས་སུ་དམིགས་བསལ་སློབ་གསོའི་མཐོ་འབྲིང་དཀྱུས་མ(སྡེ་ཁག་དང་འཛིན་གྲྭ)126ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ12491ཡོད་པ་རེད། དབང་པོ་སྐྱོན་ཅན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ(འཛིན་གྲྭ)277ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ26872ཡོད་པ་དང་། མཐར་ཕྱིན་སློབ་མ7393ཡོད་པའི་ནང་ལས་རིགས་ཐོབ་ཐང་ལག་ཁྱེར་ཡོད་པའི་སློབ་མ858ཡོད། མཐོ་རིམ་སློབ་གསོའི་དུས་མཚམས་སུ་དབང་པོ་སྐྱོན་ཅན་སློབ་མ30796བསྡུས་པའི་ནང་། མཐོ་རིམ་ལས་རིགས་ཀྱི་སློབ་མ17552དང་། དངོས་གཞིའི་ཚན་ཁག་གི་སློབ་མ11294། རབ་འབྱམས་པའི་ཞིབ་འཇུག་སློབ་མ1711། འབུམ་རམས་པའི་ཞིབ་འཇུག་སློབ་མ239བཅས་ཡོད།
སྤྱི་ཚོགས་འགན་སྲུང་ཐད། དབང་པོ་སྐྱོན་ཅན་ཁྲི2748.9ཤང་གྲོང་གི་སྡོད་དམངས་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པ་དང་། དབང་པོ་སྐྱོན་ཅན་ཁྲི1246.1གིས་རྒན་གསོའི་གྲོན་དངུལ་ལོངས་སྤྱོད་བྱེད་བཞིན་ཡོད། 60ལོ་མན་ཆད་གྱི་འགན་བཅོལ་ནང་ཞུགས་པའི་དབང་པོ་སྐྱོན་ཅན་ཁྲོད། དབང་པོ་སྐྱོན་ཅན་ཚབས་ཆེན་ཁྲི703.8དང་དབང་པོ་སྐྱོན་ཅན་ཚབས་ཆེན་མིན་པ་ཁྲི277.2ལ་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲོད་པའི་རོགས་སྐྱོར་ཐོབ་ཡོད།
དབང་པོ་སྐྱོན་ཅན་གྱི་གསོ་བཅོལ་ཞབས་ཞུའི་ལས་དོན་ལ་བརྟན་རླིང་ངང་སྐུལ་འདེད་བཏང་ཡོད། དབང་པོ་སྐྱོན་ཅན་གྱི་གསོ་བཅོལ་ཞབས་ཞུ་སྤེལ་བའི་རིམ་པ་སོ་སོ་དང་རིགས་སོ་སོའི་ལས་ཁུངས10004ཡོད་པ་དང་། དབང་པོ་སྐྱོན་ཅན་ཁྲི22.5ཡིས་ཞག་སྡོད་དང་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་ལས་ཁུངས་སུ་གསོ་བཅོལ་ཞབས་ཞུ་དང་ལེན་བྱེད་བཞིན་ཡོད་ལ། དབང་པོ་སྐྱོན་ཅན་ཁྲི50.7གིས་ཁྱིམ་སྡོད་ཞབས་ཞུ་དང་ལེན་བྱེད་བཞིན་ཡོད།
དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་ཡོད། རྒྱལ་ཡོངས་སུ་ལས་གྲུབ་ཟིན་པའི་རིམ་པ་སོ་སོའི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་བཀོད་ཁྱོན4614ཡོད་པའི་ནང་དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད2250དང་། དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་སྒྲིག་བཀོད1246། དབང་པོ་སྐྱོན་ཅན་གྱི་གསོ་བཅོལ་ཞབས་ཞུའི་སྒྲིག་བཀོད1097། ལོང་བའི་འཕུར་མཉེད་སྨན་ཁང3། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ལྟེ་གནས18བཅས་ཡོད་པ་རེད། །
འཕྲིན་སྟེགས། weikangba