འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་སྤུས་མཐོའི་འཕེལ་རྒྱས་བཏང་ནས་ལེའུ་གསར་པ་གཏོད།

2025-05-13
428

  འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་དང་་འབྲེལ་བ་ཆེན་པོ་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྐྱེ་ཁམས་དང་འབག་མེད་འཕེལ་རྒྱས་ཨང་དང་པོར་འཇོག་དགོས་ལ། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས། འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་སྤུས་མཐོའི་འཕེལ་རྒྱས་གཏང་དགོས་ཞེས་གསུངས་ཡོད། ད་ལོ་ནས་བཟུང་། འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཅིག་གིས་ཆུ་ཚད་སྔར་ལས་མཐོན་པོ་དང་བྱེད་ཐབས་སྔར་ལས་ལེགས་པོར་བརྟེན་ནས། མུ་མཐུད་དུ་ས་ཁོངས་མཐུན་སྦྱོར་གསར་གཏོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་པོར་བཙུགས་ནས། སྤུས་མཐོའི་འཕེལ་རྒྱས་ལ་ལེའུ་གསར་པ་གཏོད་གང་ཐུབ་བྱེད་བཞིན་ཡོད།

  འབྲི་ཆུའི་བཞུར་རྒྱུན་རིང་ལ། སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་གསོན་ཤུགས་ངོ་མཚར་འབབ་བཞིན་མཆིས། འབྲི་ཆུའི་སྟོད་དུ། ཡུན་ནན་གྱིས་ད་ལོར་འགྲམ་རྒྱུད་ཀྱི་ནགས་ཚལ་མུའུ་འབུམ་གཅིག་ཡན་བཙུགས་ནས། སྐྱེ་ཁམས་སྲུང་ཡོལ་སྔར་ལས་བརྟན་པོར་གཏོང་རྒྱུའི་འཆར་གཞི་འཐེན། འབྲི་ཆུའི་བར་དུ། ཅང་ཞི་ཡིས་འབག་མེད་ཐཱན་ཉུང་ལུགས་བསྒྱུར་བྱ་སྤྱོད་ལག་ལེན་མགྱོགས་པོར་བསྟར་ནས། ད་ལོར་ཁེ་ལས་ཁྲི་གཅིག་སྟོང་བཞི་རིམ་སྤར་སྤུས་འདེགས་དང་བཅོས་བསྐྲུན་བྱེད་ཀྱི་ཡོད། འབྲི་ཆུའི་སྨད་དུ། ཧྲང་ཧའེ་དང་ནན་ཅིན། ཧོ་ཧྥེ་བཅས་བྱང་རྒྱུད་དང་འབྲེལ་བའི་མྱུར་བགྲོད་ལྕགས་ལམ་མགྱོགས་པོར་བསྐྲུན་བཞིན་ཡོད་ལ། སྔོན་དཔལ་ལྟར་ན་༢༠༢༧ལོར་གྲུབ་ནས་ཤར་གཏོང་ཐུབ་རྒྱུ་རེད།

  འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་སྤུས་མཐོའི་འཕེལ་རྒྱས་གཏོང་རྒྱུ་དེ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཡིན་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་འབྲི་ཆུའི་འགྲམ་རྒྱུད་ལ་གཟིགས་ཞིབ་ཕེབས་གནང་སྟེ། སྔ་རྗེས་སུ་ཆེད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བཞི་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས། སྲིད་ཇུས་མཐུན་སྦྱོར་དང་ལས་ཀ་མཐུན་སྦྱོར་ཇེ་དྲག་གཏོང་དགོས་ན། ཕུགས་ཡུན་ལ་འཆར་འགོད་དང་སྲིད་ཇུས་འདོན་པ། ཡུན་རིང་བདེ་འགོད་གི་རྨང་གཞི་བཏིང་བ། འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་སྔར་ལས་སྤུས་མཐོའི་འཕེལ་རྒྱས་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱབ་རྟེན་དང་ཞབས་ཞུ་བསྒྲུབ་དགོས་ཞེས་གསུངས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་རྐྱེན་ཐད་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་འཕེལ་རྒྱས་ཀྱི་ནང་རྐྱེན་ཇེ་ལེགས་གཏོང་དགོས་ཞེས་གསུངས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཡི་མཛུབ་སྟོན་ཁ་ཕྱོགས་ལྟར། འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཚང་མ་གོང་བུ་གཅིག་ཡིན་པའི་བསམ་བློ་ཇེ་བརྟན་དང་། ཆུ་ཚད་སྔར་ལས་མཐོ་བའི་མཐུན་སྦྱོར་མཉམ་ལས་བྱས་ནས། སྤུས་མཐོའི་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་བསྒྲིལ་ཡོད།

  ཆུ་ཚད་སྔར་ལས་མཐོ་བའི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འདོན་སྤེལ་བྱེད་ཀྱིན་ཡོད། ད་ལོར། ཧུའུ་པེ་དང་ཨན་ཧུའེ་ཡིས་རང་ཉིད་ཀྱི་ཚན་རིག་ཞིབ་འཇུག་དང་ཤེས་ལྡན་མི་སྣ་་སོགས་ཀྱི་དགེ་མཚན་ལ་རྐང་ཚུགས་ནས། ནུས་པ་ཆེ་བའི་གསར་གཏོད་སྟེགས་བུ་འཛུགས་རྒྱུ་གཙིགས་སུ་བཟུང་ཡོད། ཝུའུ་ཧན་དུ་ཡོད་པའི་ཀྲུང་གོའི་ཀོང་ཀུའུ་ཡིས། འོད་རྫས་རིག་པ་དང་སྐུལ་འོད་སོགས་ཁྱབ་ཁོངས་ཀྱི་ཚོད་ལྟ་བར་མའི་སྟེགས་བུ་མགྱོགས་པོར་འཛུགས་བཞིན་ཡོད། ཨན་ཧུའེ་ཡིས་བྱེད་ཐབས་གསར་པ་བཏོན་ནས། ཚད་རྡུལ་བརྡ་འཕྲིན་དང་རིག་ནུས་བཟོ་ལས་འཕྲུལ་མི་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་མཉམ་གཅིག་ཏུ་འཛུགས་བཞིན་ཡོད། ཧྲང་ཧའེ་རུ། ད་ལོར་ས་ཁོངས་བརྒལ་བའི་གསར་གཏོད་མཉམ་འབྲེལ་ཚོགས་པ་བཅུ་གཉིས་འཛུགས་འགོ་བརྩམ་རྒྱུ་དང་། འབྲི་ཆུའི་རྒྱུད་ཀྱི་གྲོང་ཁྱེར་སོ་བཞི་ཁེབས་པའི་ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་མཉམ་སྤྱོད་སྟེགས་བུ་མགྱོགས་པོར་འཛུགས་རྒྱུ་རེད།

  ཆུ་ཚད་སྔར་ལས་མཐོ་བའི་འབག་མེད་འཕེལ་རྒྱས་ལ་བརྟེན་ནས་ཐོན་ལས་དགེ་མཚན་གསར་པ་འཛུགས་སྐྱོང་བྱེད་བཞིན་ཡོད་དེ། ད་ལོར། འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་གྱིས་རིག་ནུས་སྒྲིག་ཆས་དང་ནུས་ཁུངས་གསར་པ། གློག་རྡུལ་ཆ་འཕྲིན་སོགས་ཀྱིས་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་པོར་འཛུགས་རྒྱུ་རེད། འབྲི་ཆུའི་ཟུར་གསུམ་གླིང་དུ། ཆུ་ཚོད་བཞིའི་ཐོན་ལས་སྤེལ་ཁུལ་གྱིས་ནུས་ཁུངས་གསར་པའི་རླངས་འཁོར་འཁོར་ཁང་གཅིག་གིས་ཆུ་ཚོད་བཞིའི་ལམ་ཐག་ནང་དགོས་མཁོ་ཡོད་པའི་ལྷུ་ལག་མཁོ་འདོན་བྱེད་ཐུབ། ཁྲུང་ཆིང་གིས་གློག་ཤུགས་དང་ངར་ལྕགས། རྫས་འགྱུར་བཟོ་ལས་སོགས་ལས་རིགས་ཀྱིས་ནུས་བསྲི་ཐཱན་ཉུང་གི་བཅོས་སྒྲིག་རིམ་སྤར་ལས་གཞི་ལག་ལེན་བསྟར་བར་མ་ཟད་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས། བར་སྣང་ཆ་འཕྲིན་སོགས་གསར་དར་ཐོན་ལས་ཀྱི་ཐོན་ལས་མ་ལག་ཡོངས་ཀྱི་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་བཞིན་ཡོད། སི་ཁྲོན་གྱི་སྒུལ་ཤུགས་གློག་རྫས་ཐོན་ལས་མགྱོགས་པོར་དར་རྒྱས་འགྲོ་བཞིན་ཡོད་དེ། དབྱི་པིན་ནུས་གསོག་ཐོན་ལས་ར་བ་རུ། ནུས་ཁུངས་གསར་པའི་བེད་སྤྱོད་ལྗོངས་རྣམ་དང་ནུས་གསོག་ལས་གཞི་གསར་པ་ང་བདུན་མགྱོགས་པོར་འཛུགས་བཞིན་ཡོད། ད་ལོར། དབྱི་པིན་གྱི་ནུས་གསོག་ཐོན་ལས་གསར་པའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་བརྒྱ་ལ་སླེབས་པར་འབད་བརྩོན་བྱེད་བཞིན་ཡོད།

  ཆུ་ཚད་སྔར་ལས་མཐོ་བའི་བགྲོད་ལམ་འཛུགས་སྐྲུན་བྱས་ནས་སྒྱུ་ཆ་རྒྱ་བསྐྱེད་དང་ཁྱབ་ཁོངས་གསར་པ་འཁོར་བསྐྱོད་བྱེད་དགོས། ༢༠༢༤ལོར། འབྲི་ཆུའི་འབབ་རྒྱུན་གཙོ་བོའི་གྲུ་ཁས་དངོས་ཟོག་སྐྱེལ་འདྲེན་ཐོག་མར་ཏུན་དུང་ཕྱུར་བཞི་བཅུ་ལས་བརྒལ་བས། འཛམ་གླིང་སྐམ་སའི་གཙང་རྒྱུད་ཀྱི་མདུན་གྲར་གནས་ཡོད། ད་ལོར། ཉིང་པོ་ཀྲོའུ་ཧྲན་གྲུ་ཁས་ཧུའུ་པེ་ཅིན་ཀྲོའུ་ལ་གཏོང་བའི་གཙང་པོ་དང་རྒྱ་མཚོ་མཉམ་འདྲེན་ཐད་ཀ་སླེབས་པའི་གྲུ་གཟིངས་བཏང་ནས། ད་བར་ཉིང་པོ་ནས་ཅང་ཞི་དང་ཧུའུ་པེ། ཧུའུ་ནན་སོགས་གཙང་པོ་དང་རྒྱ་མཚོ་རུ་ཐད་ཀ་སླེབས་པའི་ཆུ་ལམ་བཅུ་ཕྱེས་ཡོད། ནན་ཅིང་གྲུ་ཁས་ཧྲང་ཧའེ་གྲུ་ཁ་དང་གཅིག་བརྟེན་གཅིག་གི་ཕྱི་ཕྱོགས་ཉོ་ཚོང་གི་མགྱོགས་ལམ་ཕྱེས་ཡོད་ལ། ལམ་ཡུན་སྔོན་མ་ལས་ཆུ་ཚོད་ཉི་ཤུ་བཏུམས་པས། གཙང་འགྲམ་གྱི་ནང་ལོགས་གྲོང་ཁྱེར་དངོས་ཟོག་ཕྱིར་གཏོང་གི་ཆུ་ཐོག་སྐྱེལ་འདྲེན་མགྱོགས་ལམ་ཕྱེས་ཡོད། རྒྱལ་སྤྱིའི་འབྲེལ་བ་དང་ནང་ལོགས་ལ་ཕན་བཏགས་པ། འབྲི་ཆུ་ལ་ཞབས་ཞུ་སྒྲུབ་པའི་དེང་རབས་ཟོག་འདྲེན་མ་ལག་གི་འབྲི་ཆུའི་ཆུ་ལམ་རྩེ་གྲས་ཤིག་མགྱོགས་མྱུར་དུ་གྲུབ་ཡོད་པ་རེད།

  སྐྱེ་ཁམས་སྔོན་སྐྱོང་དང་འབག་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད།དེང་སང་། འབྲི་ཆུའི་འབབ་རྒྱུན་གཙོ་བོའི་ཆུ་སྤུས་གཙང་མ་རིགས་གཉིས་པ་ལ་ཟིན་ཞིང་། འཆར་འགོད་ལྟར་༢༠༣༥ལོའི་བར། འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་གྱིས་སྐྱེ་ཁམས་སྔར་ལས་མཛེས་པ་དང་འགྲིམ་འགྲུལ་སྔར་ལས་བདེ་བ། དཔལ་འབྱོར་སྔར་ལས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བ། ནང་རྐྱེན་སྔར་ལས་ཚན་རིག་དང་མཐུན་པའི་དཔལ་འབྱོར་སྤེལ་ཁུལ་རྩེ་གྲ་ཕྱོགས་ཡོངས་ནས་གཟུགས་ཐུབ་ལ། གཙང་པོའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཕུགས་ཡུན་འབད་བརྩོན་དང་སྟོབས་ཤུགས་མཉམ་སྤྱོད་བྱས་ནས་འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་སྤུས་མཐོའི་འཕེལ་རྒྱས་ཀྱི་ལེའུ་བྱས་གསར་པ་ཞིག་རྩོམ་གང་ཐུབ་བྱེད་པ་རེད།


  • 顶