ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལེ་ཨེན་བར་ལ་ཀྲུང་གོ་དང་ཡོ་རོབ་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་ཤིས་འཕྲིན་སྤྲིངས་རེས་གནང་ཞིང་།

2025-05-07
287

  ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལེ་ཨེན་བར་ལ་ཀྲུང་གོ་དང་ཡོ་རོབ་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་ཤིས་འཕྲིན་སྤྲིངས་རེས་གནང་ཞིང་། ལི་ཆང་གིས་ཁོ་སི་ཐ་དང་ཧྥེང་ཏེ་ལེ་ཨེན་བར་ལ་ཤིང་འཕྲིན་སྤྲིངས།

ཟླ་བ་ལྔ་པའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལེ་ཨེན་བཅས་ཕན་ཚུན་བར་ལ་ཤིས་འཕྲིན་སྤྲིངས་ཏེ། ཀྲུང་གོ་དང་ཡོ་རོབ་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

  ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླ་ཡིན་ལ། སྣེ་མང་ཅན་གྱི་སྟོབས་ཤུགས་ཆེན་པོ་གཉིས་དང་གོ་ལ་ཧྲིལ་བོ་ཅན་ལ་རྒྱབ་སྐྱོར་བྱེད་པའི་ཚོང་ར་ཆེན་པོ། སྣ་མང་ཅན་དར་སྤེལ་གཏོང་བའི་དཔལ་ཡོན་ཆེན་པོ་གཉིས་བཅས་ཡིན། འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་རིང་། ཕྱོགས་གཉིས་ཀྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འབྲེལ་འདྲེས་ཟབ་སྤེལ་བྱས་ཏེ། གླེང་མོལ་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། མི་ཆོས་རིག་གནས་བརྗེ་རེས་མངོན་གསལ་དོད་པོ་ཡིན། ཕྱོགས་མང་མཐུན་སྦྱོར་གྱིས་ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་ཡོད། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་ནི་འཛམ་གླིང་ཐོག་ཆེས་ཤུགས་རྐྱེན་ཆེན་པའི་ཕྱོགས་གཉིས་འབྲེལ་བའི་གྲས་ཀྱི་གཅིག་ཡིན་པས། ཀྲུང་གོ་དང་ཡོ་རོབ་མི་དམངས་ཀྱི་ཕན་བདེ་ཇེ་མང་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་འཇོག་གང་ཐུབ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་འགྲོ་བཞིན་ཡོད་ལ། མིའི་རིགས་ཀྱི་སྤྱི་ཚོགས་དེ་ཡང་བསྐྱར་གནད་འགག་གི་ལམ་མདོ་རུ་སླེབས་ཡོད། བདེ་ལེགས་བརྟན་འཇགས་ཀྱི་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་ཡིས། ཕན་ཚུན་ལ་མཐུན་རྐྱེན་སྦྱོར་བཞིན་ཡོད་པར་མ་ཟད། འཛམ་གླིང་ལའང་ཕན་འདོགས་བཞིན་ཡོད། ངས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཀྲུའུ་ཞི་ཁོ་སི་ཐ་དང་ཀྲུའུ་ཞི་ཧྥེན་ཏེ་ལེ་ཨེན་དང་མཉམ་དུ་འབད་བརྩོན་བྱས་ནས། ལོ་ལྔ་བཅུ་འཁོར་བ་གོ་སྐབས་གལ་ཆེན་དུ་བཟུང་ཞིང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། འཐབ་ཇུས་འབྲེལ་འདྲིས་ཟབ་སྤེལ་དང་། ཡིད་ཆེས་ཟབ་སྤེལ། རོགས་ཟླའི་འབྲེལ་བ་ཇེ་བཟང་། ཕན་ཚུན་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་པ། འགལ་བ་ཐག་གཅོད་ཡག་པོ་བཅས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྔར་ལས་ཡག་པོ་ཡོང་བའི་མ་འོངས་པ་གསར་གཏོད་བྱེད་འདོད་ཡོད། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས། འདྲ་མཉམ་དྲང་བདེན་འགན་སྲུང་བྱེད་ཅིང་། ཕྱོགས་གཅིག་བཙན་དབང་ལ་ངོ་རྒོལ་དང་།ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་བོའི་འགྲན་སློང་ལ་ཁ་གཏད་འཇལ་ཞིང་། མཉམ་གཅིག་ཏུ་འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་གི་སྣེ་མང་ཅན་དང་ཡོངས་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་སྤེལ་གང་ཐུབ་བྱས་ནས། འཛམ་གླིང་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས། དར་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གསུང་གནང་བ་རེད།

  ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས། འདས་པའི་ལོ་ལྔ་བཅུའི་ནང་། ཀྲུང་གོས་ལོ་རྒྱུས་ཐོག་ཆེས་མགྱོགས་པའི་དཔལ་འབྱོར་འཕར་ཚད་རྒྱུན་མཐུད་ཡོད་ལ། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་འབྲེལ་བ་རྒྱ་ཆེར་བཙུགས་ནས། ཕན་ཚུན་ཆེས་གལ་ཆེ་བའི་ཉོ་ཚོང་རོགས་ཟླ་རུ་གྱུར་ཞིང་། ཕྱོགས་གཉིས་ཀྱི་མི་དམངས་བདེ་སྐྱིད་དང་དཔལ་འབྱོར་འཕེལ་རྒྱས་འབྱོར་ཕྱུག་ལ་བྱས་རྗེས་བཞག་ཡོད། མིག་སྔའི་འཛམ་གླིང་གི་གཏན་འཁེལ་མིན་པ་དང་ས་བབ་ཆབ་སྲིད་འགྱུར་ལྡོག་ཆེ་བའི་གནས་ཚུལ་འོག ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་དུ་རོགས་ཟླའི་འབྲེལ་བ་ཇེ་ཟབ་བཏང་ནས། འགྲོ་འོང་མཉམ་ལས་ཇེ་དྲག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་ཡུལ་གྱི་རྩ་དོན་སྲུང་སྐྱོང་བྱས་ཏེ། མཉམ་དུ་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། འཛམ་གླིང་ཞི་བདེ་དང་བདེ་འཇགས། འབྱོར་ཕྱུག་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་འདོད་ཡོད་ཅེས་གསུངས།

  ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཁོ་སི་ཐ་དང་ཧྥུང་ཏེ་ལའེ་ཨེན་བར་ཞལ་པར་བསྐྱོན་ནས་རྟེན་འབྲེལ་ཞུས་ཏེ། ལི་ཆང་གིས། ཀྲུང་གོས་ཡོ་རོབ་ཕྱོགས་དང་མཉམ་དུ་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གནས་ཚད་རྒྱུན་འཁྱོངས་དང་། སྔར་ལས་ལྷག་པས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་གཏན་འཇགས་རང་བཞིན་དང་དགེ་མཚན་རང་བཞིན། གཉིས་ཕན་རང་བཞིན། འཛམ་གླིང་རང་བཞིན་གོང་མཐོར་བཏང་ནས། འཛམ་གླིང་ལ་དེ་ལས་ལྷག་པའི་གཏན་འཇགས་རང་བཞིན་དང་དྲང་ནུས་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས།

  ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས། འདས་པའི་ལོ་ལྔ་བཅུའི་ནང་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཟབ་སྤེལ་བྱས་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་བཅལ་ནས་ཕྱོགས་མང་རིང་ལུགས་དང་གཏན་འཇགས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།


  • 顶