ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆན་ཞི་གྲོང་ཁྱེར་ཡུལ་སྐོར་གྲུ་གཟིངས་མགོ་རྟིང་བསྒྱུར་བའི་དོན་རྐྱེན་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།

2025-05-06
992

  ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆན་ཞི་གྲོང་ཁྱེར་ཡུལ་སྐོར་གྲུ་གཟིངས་མགོ་རྟིང་བསྒྱུར་བའི་དོན་རྐྱེན་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།

  ཟླ་བ་ལྔ་པའི་ཚེས་བཞི་ཉིན་གྱི་ཆུ་ཚོད་བཅུ་དྲུག་དང་སྐར་མ་བཞི་བཅུ་ཡས་མས་སུ། ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆན་ཞི་གྲོང་ཁྱེར་ཞེན་རེན་ཞང་ཧྭ་ཝུའུ་གྲོང་ཚོའི་རི་མོའི་བར་ཁྱམས་མཛེས་ཁུལ་དུ་ཡུལ་སྐོར་གྲུ་གཟིངས་མགོ་རྟིང་བསྒྱུར་བའི་དོན་རྐྱེན་བྱུང་བས། མིག་སྔའི་བར་དུ། དོན་རྐྱེན་ཁྲོད་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ཅུ་སྨན་ཁང་ལ་བསྐྱལ་ནས་སྐྱོབ་བཅོས་བྱེད་བཞིན་ཡོད།

དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོང་ཆེན་པོ་གནང་ཞིང་ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆེན་ཞི་གྲོང་ཁྱེར་གྱི་མཛེས་ཁུལ་ཅིག་ཏུ་གྲུ་གཟིངས་མགོ་རྟིང་བསྒྱུར་བའི་དོན་རྐྱེན་བྱུང་བར། ཐབས་བརྒྱ་ཇུས་སྟོང་གིས་ཆུར་ལྷུངས་པའི་མི་སྣ་འཚོལ་སྐྱོབ་དང་། རྨས་མ་ལ་སྐྱབས་སྐྱོར་ཡག་མོ། འདས་པོའི་རྗེས་འཇུག་ལས་ཀ་ཡག་པོ་སྒྲུབ་པ་དང་དེ་དག་གི་ཁྱིམ་མིར་སེམས་གསོ་ཡག་པོ་བྱེད་དགོས་པ་སོགས་ལ་མཛུབ་སྟོན་གལ་ཆེན་གནང་བ་རེད།

  ཞི་ཅིན་ཕིང་གིས། ཉེ་ཆར། ས་ཆ་ཁ་ཤས་སུ་བསྟུད་མར་བདེ་འཇགས་ཀྱི་དོན་དག་བུད་དེ་མི་མང་པོར་ཤི་རྨས་ཐེབས་བཞིན་འདུག་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་བསླབ་བྱ་ཡིད་ལ་བཟུང་ནས་མཐའ་གཅིག་ཏུ་སྣང་མེད་དུ་མི་འཇོག་པར། ཕྱོགས་སོ་སོའི་ལས་འགན་ནན་ཞིབ་བྱས་ཏེ། ཡུལ་སྐོར་མཛེས་ཁུལ་དང་སྤྱི་བའི་འདུ་ར་ཆེན་པོ། སྡོད་དམངས་འདུས་ཁུལ། སླར་ལོག་པའི་འགྲིམ་འགྲུལ་སོགས་ལ་དམིགས་ནས། བདེ་འཇགས་བྱེད་ཐབས་ཇེ་དྲག་དང་ལས་ཀ་དོན་འཁྱོལ་དམ་འཛིན་བྱས་ཏེ། བདེ་འཇགས་དོན་རྐྱེན་ཆེན་པོ་མང་དུ་འབྱུང་ཉེས་ཡོད་པ་དག་མཐའ་གཅིག་ཏུ་བཀག་སྡོམ་བྱེད་ཐུབ་དགོས་ཞེས་ནན་གསུང་གནང་བ་རེད།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ནུས་པ་ཅི་ཡོད་ཀྱིས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་དང་རྨས་ཕོག་པའི་མི་སྣ་སྐྱོབ་བཅོས་དང་། ཁྱིམ་མིར་སེམས་གསོ་དང་རྗེས་འཇུག་ལས་ཀ་དང་དོན་རྐྱེན་རྟོག་ཞིབ་ཐག་གཅོད་སོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས། ལྔ་གཅིག་གུང་གསེང་མཇུག་སྒྲིལ་ཉེ་བའི་དུས་འདིར། ས་གནས་སོ་སོའི་འབྲེལ་ཡོད་ཕྱོགས་ཀྱིས་བདེ་འཇགས་ཐོན་སྐྱེད་ལས་འགན་དོན་འཁྱོལ་དང་བདེ་འཇགས་དོ་དམ་བྱེད་ཐབས་དོན་འཁྱོལ་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། གནས་ཡུལ་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ་སོགས་ཀྱི་མངོན་མེད་ཉེན་ཁ་རྩད་ཞིབ་བྱས་ཏེ།དོན་རྐྱེན་ཆེན་པོ་གང་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས་ཞེས་གསུངས་པ་རེད།

  ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཅང་གི་བླང་བྱ་གལ་ཆེན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ཆེན་གྱིས་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་བློ་མཐུན་སྣེ་ཁྲིད་ནས་ཡུལ་དངོས་སུ་རོགས་སྐྱོབ་ཐག་གཅོད་ལས་ཀར་མཛུབ་སྟོན་གནང་བ་རེད། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འགན་འཛིན་བློ་མཐུན་གཙོ་བོས་ཡུལ་དངོས་སུ་བབ་བསྟུན་ཐག་གཅོད་ལས་ཀར་མཛུབ་སྟོན་གནང་བ་དང་། ཀུའེ་ཀྲོའུ་ཞིང་ཆེན་དང་པི་ཅེ་གྲོང་ཁྱེར་གྱིས་ཡུལ་དངོས་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་སོགས་ཀྱི་ལས་ཀ་དང་འབྲེལ་ཡོད་ལས་ཀ་ཡག་མོ་སྒྲུབ་བཞིན་ཡོད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་བླང་བྱ་གལ་ཆེན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ཆིང་གིས་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་བློ་མཐུན་སྣེ་ཁྲིད་དེ་ཚེས་བཞི་ཉིན་གྱི་དགོང་མོར་ཀུའེ་ཀྲིའུ་པི་ཅེ་ཆན་ཞི་གྲོང་ཁྱེར་དུ་བསྐྱོད་དེ་ཡུལ་སྐོར་གྲུ་གཟིངས་མགོ་རྟིང་བསློགས་པའི་དོན་རྐྱེན་བབ་བསྟུན་རོགས་སྐྱོབ་ལས་ཀར་མཛུབ་སྟོན་གནང་བ་རེད། ཀྲང་ཀོ་ཆིང་འབྱོར་རྗེས་ཐད་ཀར་དོན་རྐྱེན་བྱུང་གནས་སུ་བསྐྱོད་དེ། བབ་བསྟུན་རོགས་སྐྱོར་ཐག་གཅོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། དེར་བསྟུན་ཆན་ཞི་གྲོང་ཁྱེར་མི་དམངས་སྨན་ཁང་ལ་སོང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྨས་ཕོག་པའི་མི་སྣ་ལ་འཚམས་འདྲི་གནང་ཞིང་རྨས་མར་རྨས་ཕོག་པའི་གནས་ཚུལ་དང་སྨན་བཅོས་གནས་ཚུལ་ལ་བཀའ་དྲི་གནང་བ་དང་། སྨན་བཅོས་མི་སྣར་སྨན་བཅོས་གང་ཐུབ་བྱེད་དགོས་པའི་བཀའ་བཅོལ་གནང་བ་རེད། ཚེས་ལྔའི་སྐྱ་རེངས་ལ། ཀྲང་ཀོ་ཆིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ནས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་སྒྲོག་གནང་ཞིང་རྗེས་མའི་ལས་ཀར་ཞིབ་འཇུག་བཀོད་འདོམས་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྨན་བཅོས་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། ཡུལ་དངོས་འཚོལ་སྐྱོབ་དང་སྨན་བཅོས། འདས་པོའི་ཁྱིམ་མིར་སེམས་གསོ་སོགས་ཀྱི་ལས་ཀར་མཛུབ་སྟོན་གལ་ཆེན་གནང་བ་རེད། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་བསླབ་བྱ་དང་ལེན་བྱས་ནས། ལྷོད་གཡེང་བསམ་བློ་སྤངས་པ་དང་བདེ་འཇགས་བྱེད་ཐབས་ཇེ་དྲག་གཏོང་བ། ལས་ཀ་དོན་འཁྱོལ་དམ་འཛིན་བཅས་བྱས་ནས། དོན་རྐྱེན་ཚབས་ཆེན་མང་པོ་མི་བྱུང་བར་བླང་བྱ་གསལ་བོ་བཏོན་ཡོད། ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་དང་རྨས་ཕོག་པའི་མི་སྣ་སྨན་བཅོས། ཁྱིམ་མིའི་སེམས་གསོ། དོན་རྐྱེན་རྟོག་ཞིབ་ཐག་གཅོད་དང་མངོན་མེད་ཉེན་ཁ་བརྩད་ཞིབ་དག་ཐེར་སོགས་ལ་བཀོད་འདོམས་གནང་བ་རེད། ཀུའེ་ཀྲིའུ་ཞིང་ཆེན་དང་འབྲེལ་ཡོད་ཕྱོགས་ཀྱིས་་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་ཙུང་ལི་ལི་ཆང་གི་བླང་བྱ་དོན་འཁྱོལ་བྱས་ཏེ། མི་དམངས་གཙིགས་སུ་འཛིན་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས། རྗེས་མཐུད་ཀྱི་ལས་ཀ་ཡག་པོ་སྒྲུབ་གང་ཐུབ་བྱེད་དགོས། ཆེད་ལས་སྟོབས་ཤུགས་ལེགས་སྒྲིག་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱས་ཏེ། མི་གཅིག་ཀྱང་ལྷག་ལུས་མེད་པར་བྱེད་དགོས། སྨན་བཅོས་ཆེད་མཁས་པ་དང་ཐོན་ཁུངས་ལེགས་སྒྲིག་བྱས་ནས་རྨས་མ་སྨན་བཅོས་གང་ཐུབ་བྱས་ཏེ། རྨས་ཕོག་ནས་ཤི་བ་དང་རྨས་ཕོག་ནས་དབང་པོ་སྐྱོན་ཅན་དུ་མི་འགྱུར་བྱ་ཐུབ་དགོས། བྱམས་དང་བརྩེ་བ་རྣལ་མས་འདས་པོའི་ཁྱིམ་མི་ལ་སེམས་གསོ་དང་རྗེས་འཇུག་ལས་ཀ་ཡག་པོ་སྒྲུབ་དགོས། དོན་རྐྱེན་རྟོག་ཞིབ་ཟབ་མོ་དང་། ཁྲིམས་ལྟར་ལས་འགན་རྩད་ཞིབ་ནན་མོ་་བྱེད་དགོས། ས་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་བདེ་འཇགས་ལས་འགན་བྱེད་ཐབས་གཞི་རིམ་དུ་འཁྱོལ་ཏེ། གཅིག་ཤེས་ཀུན་གྲོལ་གྱིས་ཉེན་ཁ་དང་མངོན་མེད་ཉེན་ཁ་མེད་པར་བཟོ་དགོས་ཞེས་གསུངས་པ་རེད།


  • 顶