ཞི་ཅིན་ཕིང་གིས་དོན་རྐྱེན་འདིའི་ཐད་མཛུབ་སྟོན་གལ་ཆེན་གནང་འདུག

2025-05-06
271

ཟླ་5ཚེས་4ཉིན་གྱི་ཆུ་ཚོད་16དང་སྐར་མ་40ཙམ་ལ། ཀུའེ་ཀྲོའུ་པི་ཅེ་ཆན་ཤི་གྲོང་ཁྱེར་ཤིན་རེན་ཤང་ཝུའུ་ཅང་པའེ་ལི་མཛེས་རྩལ་ཁང་མཛེས་ལྗོངས་ཁུལ་གྱི་ལིའུ་ཀོང་གཙང་པོའི་ཆུ་ཁོངས་སུ་གློ་བུར་དུ་རླུང་བུ་ཆེན་པོ་ལྡང་ནས་ཡུལ་སྐོར་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ཐོན་ཡོད་པ་རེད།

མིག་སྔའི་ཞིབ་བཤེར་དང་ཞིབ་དཔྱད་བྱས་ཚུལ་ལ་གཞིགས་ན། ད་ཐེངས་ཀྱི་དོན་རྐྱེན་འདིའི་ནང་གྲུ་གཟིངས་4མགོ་རྟིང་ལོག་པ་དང་མི་84ཆུའི་ནང་ལྷུངས་ཡོད། ད་བར་མི་83སྐྱོབ་ཐུབ་པ་དང་འཚོལ་རྙེད་ཐུབ་པ། དེའི་ཁྲོད་མི་9སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་གྲོངས་པ་དང་། མི་70ད་དུང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཁོང་ཚོའི་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད། གཞན་ཡང་མི་4བདེ་འཇགས་ཡིན་ཞིང་རྨས་སྐྱོན་ཕོག་མེད་པ་རེད། མིག་སྔར་ད་དུང་མི་གཅིག་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་རེད།

དོན་རྐྱེན་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་གནང་ནས། ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆན་ཤི་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་ཞིག་ཏུ་ཡུལ་སྐོར་གྲུ་གཟིངས་མགོ་རྡིང་ལོག་པའི་དོན་རྐྱེན་ཐོན་ཡོད་པས། ཐབས་བརྒྱ་ཇུས་སྟོང་གིས་ཆུའི་ནང་དུ་ལྷུང་བའི་མི་སྣ་འཚོལ་སྐྱོབ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་རྗེས་མཇུག་ལས་དོན་དང་ཁྱིམ་མིར་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་བསྟན་གནང་ཡོད། 

ཞི་ཅིན་ཕིང་གིས། ཉེ་དུས་ས་གནས་ཁ་ཤས་སུ་བདེ་འཇགས་དོན་རྐྱེན་བསྟུད་མར་ཐོན་ནས་མང་ཚོགས་རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་ཕོག་ཡོད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་བསླབ་བྱ་སེམས་ལ་ངེས་པ་དང་། གོ་མེད་ཚོར་མེད་ཀྱི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། ཕྱོགས་ཁག་གི་འགན་འཁྲི་སྔར་བས་ཤུགས་ཆེར་གཏོང་བ་བཅས་བྱས་ཐོག ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་ཆེ་གྲས། གྲོང་མིའི་སྡེ་ཁུལ། ཕྱིར་ལོག་འགྲིམ་འགྲུལ་སོགས་ལ་དམིགས་ཏེ་བདེ་འཇགས་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ། ཚབས་ཆེའི་བདེ་འཇགས་དོན་རྐྱེན་ཐོན་མང་བའི་རྣམ་པ་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཛུབ་སྟོན་གནང་ནས། ནུས་ཤུགས་ཡོད་རྒུས་འབྲེལ་ཐག་ཆད་པའི་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱས་ཏེ་ཁྱིམ་མིར་སེམས་གསོ་དང་། རྗེས་མཇུག་ལས་དོན་སྒྲུབ་པ། ལས་འཛོལ་བརྟག་དཔྱད་ཐག་གཅོད་སོགས་ཀྱི་ལས་དོན་ཏན་ཏིག་སྒོ་ནས་བསྒྲུབ་དགོས། ལྔ་གཅིག་གུང་གསེང་མཇུག་འགྲིལ་ཉེར་ཡོད་པས། ས་གནས་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་དང་བདེ་འཇགས་དོ་དམ་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱ་རྒྱུར་སྔར་བས་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། གཙོ་གནད་ས་ཆ་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་ཞིབ་བཤེར་དང་མེད་པར་བཟོས་ནས། རིགས་ཁག་གི་ཚབས་ཆེའི་དོན་རྐྱེན་ཐོན་རྒྱུར་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ས་གནས་ས་ཐོག་ཏུ་བསྐྱོད་ནས། རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ས་གནས་ས་ཐོག་ཏུ་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་བཀོད་འདོམས་བྱས་པ་དང་། ཀུའེ་ཀྲོའུ་ཞིང་ཆེན་དང་པི་ཅེ་གྲོང་ཁྱེར་གྱིས་ས་གནས་ས་ཐོག་ཏུ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཡོད། མིག་སྔར། འབྲེལ་ཡོད་ལས་དོན་སྤེལ་བཞིན་ཡོད་པ་རེད།


  • 顶