
ཟླ4པའི་ཚེས29ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ་འཇར་པན་གྱི་འཇར་ཀྲུང་མཛའ་མཐུན་གྲོས་མིའི་མཉམ་འབྲེལ་ཚོགས་གཙོ་དང་རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་སུན་ཧྲན་ཡུས་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ4པའི་ཚེས29ཉིན་པེ་ཅིན་དུ་འཇར་པན་གྱི་འཇར་ཀྲུང་མཛའ་མཐུན་གྲོས་མིའི་མཉམ་འབྲེལ་ཚོགས་གཙོ་དང་རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་སུན་ཧྲན་ཡུས་ལ་ཐུག་འཕྲད་གནང་།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ན་ནིང་གི་ཟླ11པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མའོ་ཡིས་ལི་མ་རུ་ཐུག་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་གོ་དང་འཇར་པན་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་འཛུགས་སྐྲུན་རང་བཞིན་དང་བརྟན་ལྷིང་གི་ཀྲུང་གོ་དང་འཇར་པན་དབར་གྱི་འབྲེལ་བ་འཛུགས་རྒྱུར་འབད་བརྩོན་བྱ་རྒྱུའི་མོས་མཐུན་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཀྱི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་ཐུན་མོང་ངོས་འཛིན་ལ་བརྩི་སྲུང་ནན་པོ་བྱས་ནས། མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་ནས་ཡུན་རིང་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་འཇར་པན་རྒྱལ་ཚོགས་དང་རྣམ་པ་སྣ་ཚོགས་ཀྱི་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱེད་འདོད་ཡོད། འཇར་པན་ལས་རིགས་ཁག་གི་གྲོགས་པོ་མང་པོ་ཀྲུང་གོར་འཚམས་འདྲི་ལ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན།
སིན་ཧྲན་ཡུས་ཀྱིས་བསྟན་དོན། འཇར་པན་དང་ཀྲུང་གོའི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཆེན་པོ་ཡིན། འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་གྱིས་ཀྲུང་གོའི་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མི་མཐུན་པའི་ཆ་འོས་འཚམ་སྒོས་ཐག་གཅོད་བྱས་ནས། ཕན་ཚུན་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་ཆེད་འབད་བརྩོན་བྱེད་འདོད་ཡོད། །
འཕྲིན་སྟེགས། weikangba