ཞི་ཅིན་ཕིང་གིས་རང་ཚུགས་རང་བརྩོན་རྒྱུན་འཁྱོངས་བྱེད་པ་དང་ཉེར་སྤྱོད་ཁྲིད་ཕྱོགས་འབུར་དུ་བཏོད་དེ་མི་ཐབས་རིག་ནུས་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

2025-04-29
343

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ4པའི་ཚེས25ཉིན་གྱི་ཕྱི་དྲོར་མི་ཐབས་རིག་ནུས་འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པར་དམིགས་ནས་ཐུན་མོང་སློབ་སྦྱོང་ཐེངས་ཉི་ཤུ་པ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། རབས་གསར་བའི་མི་ཐབས་རིག་ནུས་ཀྱི་ལག་རྩལ་མགྱོགས་མྱུར་ངང་རིམ་འགྱུར་བྱུང་བའི་གནས་བབ་གསར་བར་ཁ་གཏད་དེ། རྒྱལ་ཡོངས་ཀྱི་ལམ་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་ཚུགས་རང་བརྩོན་རྒྱུན་འཁྱོངས་བྱེད་པ། ཉེར་སྤྱོད་ཁྲིད་ཕྱོགས་འབུར་དུ་བཏོད་དེ། མི་ཐབས་རིག་ནུས་ཕན་ནུས་ལྡན་པ་དང་། བདེ་འཇགས། དྲང་གཞག་བཅས་ཀྱི་ཕྱོགས་སུ་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས།

ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བློ་མཐུན་ཀྲེང་ནན་ཉིང་གིས་གནད་དོན་དེར་དམིགས་ཏེ་འགྲེལ་བཤད་བྱས་པ་དང་བྱ་བའི་བསམ་འཆར་བཏོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམས་ཀྱིས་འགྲེལ་བཤད་ལ་ནན་ཏན་གྱིས་ཉན་པ་མ་ཟད་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། མི་ཐབས་རིག་ནུས་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལག་རྩལ་ཡིན་པའི་ཆ་ནས། མིའི་རིགས་ཀྱི་ཐོན་སྐྱེད་ཀྱི་འཚོ་བའི་བྱེད་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། ཏང་ཀྲུང་དབྱང་གིས་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཉེ་བའི་ལོ་འགའི་རིང་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་ལས་དོན་བཀོད་སྒྲིག་ལ་ཤུགས་བསྣན་ཏེ། རང་རྒྱལ་གྱི་མི་ཐབས་རིག་ནུས་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་མཐོར་འདེགས་བྱུང་བར་སྐུལ་འདེད་བཏང་། དེ་དང་ཆབས་ཅིག་རྨང་གཞིའི་གཞུང་ལུགས་དང་གནད་འགག་གི་ལྟེ་བའི་ལག་རྩལ་སོགས་ཀྱི་ཐད་ད་དུང་མི་འདང་ས་དང་ཞན་ཆ་གནས་ཡོད། ཧེ་བག་ལ་མཐོང་ཆེན་དང་འབད་བརྩོན་ལྡབ་འཕར་བྱས་ཏེ། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། ནུས་སྐྱེད་བཀོལ་སྤྱོད་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་ཐབས་རིག་ནུས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་གི་རང་འགུལ་དབང་ཆ་བརྟན་འཛིན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་མངའ་ཁོངས་ཀྱིས་གོ་སྐབས་སྔོན་འཛིན་དང་ལེགས་ཆ་ཐོབ་པར་ངེས་པར་དུ་རྨང་གཞིའི་གཞུང་ལུགས་དང་། བྱེད་ཐབས། ལག་ཆ་སོགས་ཀྱི་ཐད་ནས་འགག་སྒྲོལ་བྱེད་དགོས། རྨང་གཞིའི་ཞིབ་འཇུག་ལ་རྒྱུན་མཐུད་ངང་ཤུགས་སྣོན་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་མཐོ་རིམ་སྙིང་ལེབ་དང་རྨང་གཞི་མཉེན་ཆས་སོགས་ལྟེ་བའི་ལག་རྩལ་གཏོར་ཏེ། རང་བདག་ཚོད་འཛིན་བྱེད་པ་དང་མཐུན་སྦྱོར་འཁོར་སྐྱོད་ཀྱི་མི་ཐབས་རིག་ནུས་ཀྱི་མཉེན་ཆས་དང་མཁྲེགས་ཆས་མ་ལག་འཛུགས་དགོས། མི་ཐབས་རིག་ནུས་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་གི་མ་དཔེ་འཕོ་འགྱུར་ལ་སྣེ་ཁྲིད་བྱས་ནས། ཁྱབ་ཁོངས་སོ་སོའི་ཚན་རྩལ་གསར་གཏོད་འགག་སྒྲོལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱི་གཞི་གྲངས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཐོན་ལས་མ་ལག་འཐུས་ཚང་། བཀོལ་སྤྱོད་རྣམ་པ་རྒྱ་ཆེ་བ། ཁྲོམ་རའི་བར་སྟོང་ཧ་ཅང་ཆེན་པོ་བཅས་ཡིན། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་པའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་སྤྱོད་མཐུན་སྦྱོར་གསར་གཏོད་མ་ལག་འཛུགས་པ། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤར་ལ་རོགས་རམ་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཀྱི་འགྲུལ་བཞུད་གསར་པ་བསྐྲུན་དགོས། རྩིས་ནུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཐོན་ཁུངས་གསར་འདོན་བེད་སྤྱོད་དང་སྒོ་འབྱེད་མཉམ་སྤྱོད་གཏིང་ཟབ་ཏུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་ནི་ལག་རྩལ་གསར་པ་དང་མངའ་ཁོངས་གསར་པ་ཡིན་པའི་ངོས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ནི་ཧ་ཅང་གལ་ཆེན་ཡིན། ཤེས་བྱའི་བདག་དབང་དང་། ནོར་སྲིད་ཁྲལ་སྡུད། སྲིད་གཞུང་གི་ཉོ་སྒྲུབ། སྒྲིག་བཀོད་སྒོ་འབྱེད་སོགས་ཀྱི་སྲིད་ཇུས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། ཚན་རྩལ་དངུལ་རྩའི་སྐོར་གྱི་ལས་དོན་ལེགས་པོར་བསྒྲུབ་དགོས། མི་ཐབས་རིག་ནུས་གྱི་སློབ་ཚན་ཡོངས་ཀྱི་སློབ་གསོ་དང་སྤྱི་ཚོགས་ཡོངས་ཀྱི་ཤེས་རྟོགས་སློབ་གསོ་ལ་སྐུལ་འདེད་བཏང་ནས། བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་དགོས། མི་ཐབས་རིག་ནུས་ཀྱི་ཚན་རིག་ཞིབ་འཇུག་འགན་སྲུང་དང་། ལས་རིགས་རྒྱབ་སྐྱོར། ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རིགས་སོ་སོའི་ཤེས་ལྡན་མི་སྣས་ཤེས་ཡོན་འདོན་ཆེད་སྟེགས་བུ་འདོན་སྤྲོད་དང་ཆ་རྐྱེན་གསར་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མི་ཐབས་རིག་ནུས་གྱིས་སྔོན་ཆད་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཡོད་ལ། སྔོན་ཆད་འཕྲད་མྱོང་མེད་པའི་ཉེན་ཁ་དང་འགྲན་སློང་ཡང་འཕྲད་ཡོད། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་། སྲིད་ཇུས་ལམ་ལུགས། ཉེར་སྤྱོད་ཚད་གཞི། མི་ཆོས་ཚད་གཞི་བཅས་མགྱོགས་མྱུར་ངང་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ་དང་། ལག་རྩལ་རྟོག་འཇལ་དང་། ཉེན་ཁ་སྔོན་ཟོན། འཕྲལ་བསྟུན་དང་ལེན་བཅས་ཀྱི་མ་ལག་བཙུགས་ཏེ། མི་ཐབས་རིག་ནུས་བདེ་འཇགས་དང་། རྟོན་རུང་། ཚོད་འཛིན་བྱེད་ཐུབ་པ་བཅས་ལ་ཁག་ཐེག་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་ནི་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཡིན། མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ངང་སྤེལ་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ། ལག་རྩལ་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་དང་། གོ་ལ་ཧྲིལ་པོའི་རིག་ནུས་ཀྱི་ཧེ་བག་སེལ་ཆེད་ཀྲུང་གོའི་བྱས་རྗེས་འཇོག་དགོས། ཕྱོགས་སོ་སོས་འཕེལ་རྒྱས་འཐབ་ཇུས་དང་། བཅོས་སྐྱོང་སྒྲིག་སྲོལ། ལག་རྩལ་ཚད་གཞི་བཅས་ཀྱི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་ནས། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲོམ་གཞི་དང་ཚད་གཞི་ཚད་ལྡན་སྔ་མོ་ནས་ཆགས་སུ་འཇུག་དགོས། །


  • 顶