ཟླ་བ་བཞི་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མིས་བཟོས་རིག་ཀྱི་ནུས་འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་ཇེ་དྲག་གཏོང་བའི་སྐོར་ནས་ཐུན་མོང་སློབ་སྦྱོང་ཐེངས་ཉི་ཤུ་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རབས་གསར་པའི་མིས་བཟོས་རིག་ནུས་ལག་རྩལ་མགྱོགས་པོར་འཕེལ་བའི་གནས་བབ་གསར་པར་དམིགས་ནས། རྒྱལ་ཁབ་ཀྱི་ལམ་ལུགས་ལེགས་ཆ་གསར་པ་འདོན་སྤེལ་ཡག་པོ་བྱས་ཏེ། རང་སྟོབས་རང་སྤེལ་རྒྱུན་འཁྱོངས་དང་། བཀོལ་སྤྱོད་ཁྲིད་སྟོན་འབུར་ཐོན་བྱེད་པ་དང་། རང་རྒྱལ་གྱི་མིས་བཟོས་རིག་ནུས་ཕན་པ་ཆེ་ཞིང་བདེ་འཇགས་དང་དྲང་བདེན་གྱི་ཕྱོགས་སུ་བདེ་ལེགས་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།
ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བློ་མཐུན་ཀྲིན་ནན་ཉིང་གིས་གནད་དོན་འདིའི་ཐད་ནས་འགྲེལ་བཤད་གནང་ཞིང་ལས་ཀའི་དགོངས་འཆར་བཏོན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་འགྲེལ་བཤད་ལ་གསན་པར་མ་ཟད་བགྲོ་གླེང་བྱས་པ་རེད། ཞི་ཅིན་ཕིང་གིས་འགྲེལ་བཤད་ལ་གསན་པ་དང་བགྲོ་གླེང་བྱས་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་མིས་བཟོས་རིག་ནུས་དེ་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལག་རྩལ་ཡིན་པས། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་གཏོང་སྟངས་ལ་བཅོས་བསྒྱུར་ཟབ་མོ་གཏོང་བཞིན་ཡོད་པས། ཏང་ཀྲུང་དབྱང་གིས་མིས་བཟོས་རིག་ནུས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱས་ནས། ཉེ་བའི་ལོ་ཤས་རིང་མཐོ་རིམ་འཆར་འགོད་འཐུས་ཚང་དང་། ལས་ཀའི་བཀོད་སྒྲིག་ཇེ་དྲག་གཏོང་བ། རང་རྒྱལ་གྱི་མིས་བཟོས་རིག་ནུས་ཀྱི་ཕྱོགས་བསྡུས་དངོས་ཤུགས་ཀྱི་ཡོངས་ཁྱབ་རང་བཞིན་དང་། མ་ལག་ཅན་དུ་མཐོར་འདེགས་གཏོང་བར་སྐུལ་འདེད་བྱེད་ཡོད།དེ་དང་དུས་མཚུངས་སུ། རྨང་གཞིའི་གཞུང་ལུགས་དང་། གནད་འགག་ལག་རྩལ་སོགས་ཀྱི་ཐད་ད་དུང་ཞན་ཆ་དང་མི་འདང་ས་ཡོད་པས། ཧེ་བག་དེ་དག་དང་བླང་དང་ལྡབ་འགྱུར་གྱིས་འབད་བརྩོན་བྱས་ནས། ཁྱོན་ཡོངས་ནས་མིས་བཟོས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས་དང་ནུས་འདོན་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་ཞིང་། མིས་བཟོས་རིག་ནུས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་ཀྱི་ནང་རྐྱེན་འཐུས་ཚང་གཏོང་བ་དང་། མིས་བཟོས་རིག་ནུས་ཀྱི་འཕེལ་རྒྱས་དང་ལེགས་བཅོས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱིས་ཐོག་མའི་གོ་སྐབས་དམ་འཛིན་དང་། ལེགས་ཆ་སྔོན་འཛིན་ཐུབ་དགོས་ན།རྨང་གཞིའི་གཞུང་ལུགས་དང་ཐབས་ཤེས། ཡོ་བྱད་སོགས་ཀྱི་ཐད་ནས་ངེས་པར་དུ་ཐོད་བརྒལ་ཐུབ་པར་བྱེད་དགོས།རྒྱུན་མཐུད་ནས་རྨང་གཞིའི་ཞིབ་འཇུག་ཇེ་དྲག་གཏོང་དགོས་ལ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མཐོ་རིམ་ཉིང་ལྷེབ་དང་རྨང་གཞིའི་མཉེན་ཆས་སོགས་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་། རང་བདག་ཚོད་འཛིན་ཐུབ་པ་དང་མཐུན་སྦྱོར་འཁོར་སྐྱོད་ཐུབ་པའི་མིས་བཟོས་རིག་ནུས་ཀྱི་རྨང་གཞིའི་མཉེན་ཆས་དང་སྲ་ཆས་མ་ལག་སྒྲིག་འཛུགས་བྱེད་དགོས། མིས་བཟོས་རིག་ནུས་ཀྱིས་ཚན་རྩལ་ཞིབ་འཇུག་དཔེ་སྟོན་རྣམ་པའི་འཕོ་འགྱུར་སྣེ་ཁྲིད་དང་། ཁྱབ་ཁོངས་ཁག་གི་ཚན་རྩལ་གསར་གཏོད་འགག་སྒྲོལ་གསར་པ་ཇེ་མགྱོགས་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས། རང་རྒྱལ་གྱི་གཞི་གྲངས་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་། ཐོན་ལས་མ་ལག་ཆ་ཚང་བ། བེད་སྤྱོད་ཁོར་ཡུག་རྒྱ་ཆེ་བ། ཚོང་རའི་བར་སྟོང་གཞི་རྒྱ་ཆེ་ཡོད་པས། མིས་བཟོས་རིག་ནུས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་བྱས་ནས། ཁེ་ལས་གཙོ་བྱས་པའི་ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་དང་བེད་སྤྱོད་བཅས་མཐུན་སྦྱོར་གསར་གཏོད་ཀྱི་མ་ལག་སྒྲིག་འཛུགས་བྱེད་དེ།སྲོལ་རྒྱུན་ཐོན་ལས་ལུགས་བསྒྱུར་རིམ་སྤར་ལ་རོགས་རམ་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་གཏོད་དགོས། རྩིས་རྒྱག་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གཅིག་གྱུར་བཀོད་འདོམས་སྐུལ་སྤེལ་བཏང་ནས། གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྒོ་འབྱེད་མཉམ་སྤྱོད་ཇེ་ཟབ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས། མིས་བཟོས་རིག་ནུས་དེ་ལག་རྩལ་གསར་པ་དང་ཁྱབ་ཁོངས་གསར་པ་ཡིན་པའི་ཆ་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེ། ཕྱོགས་བསྡུས་སྒོས་ཤེས་བྱའི་ཐོན་དབང་དང་ནོར་སྲིད་ཁྲལ་བསྡུ། སྲིད་གཞུང་ཉོ་སྒྲུབ། སྒྲིག་ཆས་སྒོ་འབྱེད་སོགས་ཀྱི་སྲིད་ཇུས་བེད་སྤྱོད་བཏང་ནས། ཚན་རྩལ་དངུལ་རྩའི་ལས་ཀ་ཡག་པོ་བསྒྲུབ་དགོས། མིས་བཟོས་རིག་ནུས་སློབ་གྲྭའི་བརྒྱུད་རིམ་ཡོངས་སློབ་གསོ་དང་སྤྱི་ཚོགས་ཡོངས་ཀྱིས་གོ་རྟོགས་ཐུབ་པའི་སློབ་གསོ་སྤེལ་ནས། བྱང་ཚད་མཐོ་བའི་འཇོན་མི་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་དགོས། མིས་བཟོས་རིག་ནུས་ཀྱི་ཚན་ཞིབ་འགན་སྲུང་དང་། ལས་རིགས་རྒྱབ་སྐྱོར། ཤེས་ལྡན་མི་སྣའི་དཔྱད་དཔོག་ནང་རྐྱེན་འཐུས་ཚང་བཏང་ནས། རིགས་སོ་སོའི་འཇོན་མིའི་ཤེས་ཡོན་འདོན་སྤེལ་གྱི་སྟེགས་བུ་བསྐྲུན་པ་དང་ཆ་རྐྱེན་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས། མིས་བཟོས་རིག་ནུས་གྱིས་སྔ་ན་མེད་པའི་འཕེལ་རྒྱས་གོ་སྐབས་བསྐྲུན་ཐུབ་ལ། སྔ་ན་མེད་པའི་ཉེན་ཁ་དང་འགྲན་སློང་ཡང་མཉམ་དུ་བྱུང་དང་འབྱུང་ངེས་པས། མིས་བཟོས་རིག་ནུས་འཕེལ་ཕྱོགས་དང་ཆོས་ཉིད་ལྟར། འབྲེལ་ཡོད་བཅའ་ཁྲིམས་སྒྲིག་ཁྲིམས་དང་སྲིད་ཇུས་ལམ་ལུགས། ཉེར་སྤྱོད་ཚད་ལྡན། ཀུན་སྤྱོད་ཚད་གཞི་བཅས་སྒྲིག་འཛུགས་འཐུས་ཚང་མགྱོགས་པོར་གཏོང་བ། ལག་རྩལ་ལྟ་ཞིབ་ཚད་ལེན་དང་ཉེན་ཁའི་སྔོན་བརྡ། བབ་བསྟུན་དང་ལེན་མ་ལག་སོགས་སྒྲིག་འཛུགས་བྱས་ཏེ། མིས་བཟོས་རིག་ནུས་བདེ་འཇགས་དང་བློས་འཁེལ་ཆོག་པ། ཚོད་འཛིན་ཐུབ་པའི་ཁག་ཐེག་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། མིས་བཟོས་རིག་ནུས་ནི་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་རྒྱལ་སྤྱིའི་ཐུན་མོང་གི་ཐོན་རྫས་ཤིག་ཡིན་ཆོག་པས། མིས་བཟོས་རིག་ནུས་སྐོར་གྱི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་སྤེལ་ནས། འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལག་རྩལ་ནུས་པ་འཛུགས་སྐྱོང་ཐད་རོགས་འདེགས་དང་། འཛམ་གླིང་གི་རིག་ནུས་འབྲེལ་མཐུད་བྱེད་པར་ཀྲུང་གོའི་བྱས་རྗེས་འཇོག་དགོས། ཕྱོགས་སོ་སོས་འཕེལ་རྒྱས་འཐབ་ཇུས་དང་། བཅོས་སྐྱོང་སྒྲིག་སྲོལ། ལག་རྩལ་ཚད་གཞི་བཅས་འབྲེལ་མཐུད་མཐུན་སྦྱོར་ཐད་ཤུགས་བཏོན་ནས། རྒྱ་ཁྱབ་ངང་ངོས་འཛིན་གཅིག་མཐུན་ཅན་གྱི་འཛམ་གླིང་བཅོས་སྐྱོང་སྒྲོམ་གཞི་དང་ཚད་གཞི་འགྲུབ་པར་བྱ་དགོས་ཞེས་ནན་གསུང་གནང་།
འཕྲིན་སྟེགས། weikangba