
ཟླ་བ་བཞི་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་བར་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པར་ཁྱབ་བསྒྲགས་གནང་ཞིང་། ཞི་ཅིན་ཕིང་གིས་བློ་སེམས་མཐུན་ན་རི་དང་ཆུ་ཡིས་བསྐལ་མི་ཐུབ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་ཆེ་རུང་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་འབྲེལ་བ་ཡུན་རིང་དར་རྒྱས་བྱུང་ཞིང་དུས་ཡུན་རིང་པོར་བརྟན། རྒྱལ་ཁབ་གཉིས་ཀྱིས་དུས་ནམ་ཡང་ཕྱི་འབྲེལ་གྱི་ཐོག་མའི་དམ་བཅའ་ཡིད་ལ་འཛིན་པ་དང་ཕན་ཚུན་བརྩི་འཇོག་དང་དྲང་བདེན་དྲང་གཞག མཉམ་ལས་གཉིས་ཁེ་རྒྱུན་འཁྱོངས་བྱས་ནས། འཐབ་ཇུས་ཀྱི་ཚད་མཐོན་པོ་དང་ཕུགས་ཡུན་གཞིགས་ནས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་འབྲེལ་བའི་འཕེལ་རྒྱས་གཏོང་དགོས། ཕྱོགས་གཉིས་ཀྱིས་མུ་མཐུད་ནས་ཆབ་སྲིད་ཐད་ཀྱི་ཡིད་རྟོན་ཇེ་དྲག་དང་དངོས་གཉེར་མཉམ་ལས་ཟབ་སྤེལ་གཏོང་བ། རྒྱལ་སྤྱིའི་མཐུན་སྦྱོར་ཇེ་དྲག་བཏང་ནས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་གྱི་ཁྱོན་ཡོངས་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་ཞིང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་རོགས་རམ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཕན་ཚུན་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་རྦད་དེ་རྒྱབ་སྐྱོར་བྱེད་པ་ནི་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་བཟང་པོ་ཡིན་པར་མ་ཟད། འཐབ་ཇུས་རོགས་ཟླ་ཡིན་པའི་ཆ་ནས་འོས་འགན་ཀྱང་རེད། ཀྲུང་གོས་ཨ་ཟེར་བྷེ་ཇན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱས་ནས། རང་ཉིད་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པར་རྒྱབ་སྐྱོར་ཡོད་ལ། ཨ་ཟེར་བྷེ་ཇན་དང་མཉམ་དུ་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཟབ་མོ་སྤེལ་བ་དང་། ངན་ཤུགས་གསུམ་ལ་རྦད་དེ་ངོ་རྒོལ་བྱ་དགོས། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲུབ་འབྲས་ལ་བརྟེན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་བསྐྲུན་དགོས། སྤུས་ལེགས་ཇུས་འགོད་ཇེ་ལེགས་གཏོང་བ་དང་འཐབ་ཇུས་འབྲེལ་མཐུད་ཇེ་དྲག་གཏོང་བ། མཉམ་ལས་ནང་རྐྱེན་འཐུས་ཚང་། མཉམ་ལས་གང་མང་སྔོག་འདོན། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས། སྤུས་མཐོའི་འཕེལ་རྒྱས་ཡོང་བར་བྱེད་དགོས། སློབ་གསོ་དང་རིག་གནས། ཡུལ་སྐོར། ན་གཞོན། ས་གནས་སོགས་ཀྱི་མཉམ་ལས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས། དམངས་སེམས་མཐུན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་དམངས་འདོད་རྨང་གཞི་ཇེ་བརྟན་གཏོང་དགོས་ཞེས་ནན་གསུངས་གནང་།
ཞི་ཅིན་ཕིང་གིས། སྒོ་ཁྲལ་འགྲན་རྩོད་དང་ཉོ་ཚོང་འགྲན་རྩོད་ཀྱིས་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་གནོད་པ་དང་། ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་གཏོར་བརླག་ཐེབས་པས། འཛམ་གླིང་གི་དཔལ་འབྱོར་སྒྲིག་ལམ་ལ་བར་ཆད་བཟོ་པ་ལས་ཟད། ཀྲུང་གོས་ཨ་ཟེར་བྷེ་ཇན་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་གཙོར་འཛིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ། རང་གི་ལུགས་མཐུན་ཁེ་དབང་ལ་བརྟན་སྲུང་རྦད་དེ་བྱས་ནས་རྒྱལ་སྤྱིའི་དྲང་བདེན་འདྲ་མཉམ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།
ཨ་ལི་ཡེ་ཧྥུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་བརྟན་པོའི་འོག ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོར་བྱུང་ནས། རྒྱལ་སྤྱིའི་གོ་གནས་དང་ཕན་ནུས་ཇེ་མཐོར་འགྲོ་བཞིན་ཡོད། འཛམ་གླིང་ལ་ལོ་བརྒྱའིའཕོ་འགྱུར་བྱུང་བཞིན་ཡོད་རུང་། ཨ་ཟེར་བྷེ་ཇན་དང་ཀྲུང་གོ་གཉིས་ནི་དུས་ནམ་ཡང་ཕན་ཚུན་བརྩི་་བཀུར་དང་ཡིད་ཆེས་བྱེད་པ། མཉམ་ལས་མུ་མཐུད་དུ་ཇེ་ཟབ་གཏོང་བ། དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཕེལ་རྒྱས་མགྱོགས་སུ་ཕྱིན་བ་དང་། ས་གནས་སྤེལ་རེས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། མཉམ་འབྲེལ་མཉམ་སྤེལ་ཐད་གྲུབ་འབྲས་ཡག་པོ་བླངས་ཡོད། ཨ་ཟེར་བྷེ་ཇན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཁྲོད་ཁ་བྲལ་མི་རུང་བའི་གྲུབ་ཆ་ཞིག་ཏུ་འཛིན་པ་རྒྱུན་འཁྱོངས། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་བར་འབད་པ་ཡོངས་ལ་རྒྱབ་སྐྱོར་ཡོད། ཀྲུའུ་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་འདུ་ཤེས་དང་འཛམ་གླིང་གི་གྲོས་གཞི་ཆེན་པོ་གསུམ་ནི་འཛམ་གླིང་ཞི་བདེ་བརྟན་བརླིང་དང་ཕྱུག་འགྱུར་ཡོང་བར་ཕན་པ་ཆེན་པོ་ལྡན་པས། ཨ་ཟེར་བྷེ་ཇན་གྱིས་དེ་ལ་བསྟོད་བསྔགས་དང་རྒྱབ་སྐྱོར་བརྟན་པོ་ཡོད། ཨ་ཟེར་བྷེ་ཇན་གྱིས་ཀྲུང་གོ་དང་མཉམ་དུ་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཨང་ཀིའི་དཔལ་འབྱོར། འབག་མེད་ནུས་ཁུངས། ཚན་རྩལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་སྐྱེད་པ། སྲིད་ཏང་དང་མི་ཆོས་རིག་གནས་སྤེལ་རེས་ཇེ་ཟབ་གཏོང་བ། རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་མཐུན་སྦྱོར་ཇེ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐད་འཕེལ་རྒྱས་དེ་ལས་ཆེན་པོ་ཐོབ་འདོད་ཡོད་ཅེས་གསུངས།
གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཟེར་བྷེ་ཇན་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཁྲིམས་འཛིན། འབག་མེད་འཕེལ་རྒྱས། ཨང་ཀིའི་དཔལ་འབྱོར། ཤེས་བྱའི་ཐོན་དབང་། འཇིག་རྟེན་འཕུར་བསྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་ཉི་ཤུར་མིང་རྟགས་འགོད་པར་གདེང་དཔང་གནང་བ་རེད།
གྲོས་མོལ་མ་བྱེད་གོང་། ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོམས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་ནས་ཨ་ལི་ཡེ་ཧྥུའུ་དང་ལྕམ་མོ་ཨ་ལི་ཡེ་ཝ་རྣམ་གཉིས་ལ་དགའ་བསུའི་མཛད་སྒོ་སྤེལ་ཞིང་། ཨ་ལི་ཡེ་ཧྥུའུ་འབྱོར་དུས། གུས་དམག་གིས་རུ་བསྟར་བསྒྲིགས་ནས་གུས་བསུ་བྱས། ཞི་ཅིན་ཕིང་དང་ཨ་ལི་ཡེ་ཧྥུའུ་ཞིབ་བཤེར་སྟེགས་བུར་ཕེབས་ཤིང་། དམག་དཔུང་རོལ་དབྱངས་ཚོགས་པས་ཨ་ཟེར་བྷེ་ཇན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བཀྲོལ་ལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མེ་སྒྱོགས་ཉེར་གཅིག་འཕངས་པ་རེད། ཨ་ལི་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཞིང་རྣམ་འབྱེད་རུ་བསྟར་ལ་གཟིགས་པ་རེད།
ཉིན་དེའི་ཉིན་གུང་ལ། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོམས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་ནས་ཨ་ལི་ཡེ་ཧྥུའུ་སྐུ་ལྕམ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།
ཝང་དབྱིས་གོང་གི་བྱེད་སྒོ་ནང་ཞུགས་པ་རེད།
འཕྲིན་སྟེགས། weikangba