ཨི་རན་གྱིས་ཨ་རིའི་བར་གྱི་གྲོས་མོལ་ཕྱིར་འགྱངས་བྱ་རྒྱུ་ཡིན་ཟེར།

2025-04-24
378

  ཟླ་བ་བཞི་པའི་ཚེས་ཉེར་གསུམ་ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན།   ཚེས་ཉེར་གཉིས་ཉིན་ཨི་རན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅ་ཨེར་གྱིས་ཨི་རན་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ལག་རྩལ་ཚོགས་པའི་ཆེད་མཁས་པའི་རིམ་པའི་གྲོས་མོལ་ཚེས་ཉེར་དྲུག་ཉིན་ལ་ཕྱིར་འགྱངས་བྱ་རྒྱུ་ཡིན་ཟེར། 

ཚེས་ཉེར་གཉིས་ཉིན་ཨི་རན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་བ་ལྟར་ན། པཱ་ཅ་ཨེར་གྱིས་ཨ་མན་གྱི་གྲོས་གཞི་ལ་གཞིགས་པ་མ་ཟད།   ཨི་རན་དང་ཨ་རིའི་སྐུ་ཚབ་ཚོགས་པའི་མོས་མཐུན་འོག མ་གཞིར་ཚེས་ཉེར་གསུམ་ཉིན་ལ་འཚོག་པའི་ཨི་རན་དང་ཨ་རིའི་བར་བརྒྱུད་གྲོས་མོལ་སྒྲོམ་གཞིའི་ནང་གི་ལག་རྩལ་གྲོས་མོལ་དེ་ཚེས་ཉེར་དྲུག་ཉིན་ལ་ཕྱིར་འགྱངས་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཞུགས་རྒྱུ་རེད།图片  ཟླ་བ་གཉིས་པའི་ཚེས་ཉེར་ལྔ་ཉིན། ཨི་རན་གྱི་ཏེ་ཧེ་རན་དུ། ཨི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀི་ཆི་མཉམ་འབྲེལ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ནང་ཞུགས་པ།

  ཚེས་ཉེར་གཉིས་ཉིན།   ཨི་རན་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་གཞན་ཞིག་ནང་། ཨི་རན་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀི་ཆི་ཉིན་དེར་རྒྱལ་སྤྱིའི་ནུས་རྡུལ་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་ཀི་ལོ་ཞི་ལ་ཁ་པར་བཏང་ནས། ཕྱོགས་གཉིས་ཀྱིས་ཨི་རན་དང་ཨ་རིའི་བར་བརྒྱུད་གྲོས་མོལ་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱས།  ཨ་ལ་ཀི་ཆི་ཡིས། ཨི་རན་གྱིས་ལྷག་བསམ་དང་ནན་ཏན་གྱི་ཕྱི་འབྲེལ་བྱེད་ཐབས་བདམས་ཡིན་ཞེས་བཤད། ཀི་ལོ་ཞི་ཡིས་ཨི་རན་གྱི་འགན་ཁུར་བའི་བྱེད་ཐབས་ལ་གཟེངས་བསྟོད་བྱས་པ་མ་ཟད། ད་རུང་རྒྱལ་སྤྱིའི་ནུས་རྡུལ་ལས་ཁུངས་ཀྱིས་ལས་ཁུངས་སྒྲིག་སྲོལ་གྱི་དབང་ཆའི་སྒྲོམ་གཞི་ནང་གྲོས་མོལ་དེར་མཐུན་རྐྱེན་སྐྲུན་འདོད་ཡོད་ཅེས་བཤད།

ཉེ་དུས་ཀྱི་གྲོས་མོལ།

  ཚེས་བཅུ་གཉིས་ཉིན། ཨ་རི་དང་ཨི་རན་གྱིས་ཨ་མན་གྱི་རྒྱལ་ས་མ་སི་ཁད་ཐེ་ནས་བར་བརྒྱུད་གྲོས་མོལ་སྤེལ། འདི་ནི་༢༠༡༨ལོའི་ཟླ་བ་ལྔ་པར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཙུང་ཐུང་གི་འགན་བཞེས་ཡུན་དང་པོའི་ནང་ཨ་རི་ཨི་རན་ཉིང་རྡུལ་གྲོས་ཆིངས་ནས་ཕྱིར་འབུད་རྗེས། ཨ་རི་དང་ཨི་རན་བར་གྱི་དངོས་གཞིའི་གྲོས་མོལ་ཐེངས་དང་པོ་རེད།

ཚེས་བཅུ་དགུ་ཉིན། ཨ་རི་དང་ཨི་རན་གྱིས་ཨི་ཐ་ལིའི་རོམ་དུ་སྐོར་གཉིས་པའི་བར་བརྒྱུད་གྲོས་མོལ་བྱས།

ཚེས་ཉེར་དྲུག་ཉིན། ཕྱོགས་གཉིས་ཀྱིས་སྐོར་གསུམ་པའི་བར་བརྒྱུད་གྲོས་མོལ་ཨ་མན་དུ་བྱ་རྒྱུ་རེད། 

  དབྱེ་ཞིབ་མི་སྣས། ཨ་རི་དང་ཨི་རན་གྱིས་ད་ལྟའི་བར་སྐོར་གཉིས་ཀྱི་བར་བརྒྱུད་གྲོས་མོལ་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད། ཡིན་ཡང་ཨི་རན་ཉིང་རྡུལ་བྱེད་སྒོའི་ཁྱབ་ཁོངས་སོགས་ལྟེ་བའི་གྲོས་གཞིའི་ཐོག་ད་རུང་འགལ་བ་མངོན་གསལ་ལྡན། དེ་མ་ཟད་ཕྱོགས་གཉིས་ཀ་ཕན་ཚུན་ཡིད་ཆེས་མེད་པ་དང་། ཨ་རིའི་ལས་ཐོག་སྲིད་གཞུང་གི་སྲིད་ཇུས་གཏན་ཁེལ་མིན་པའི་རང་བཞིན་ལྡན་པས། གྲོས་མོལ་མཇུག་འབྲས་ལ་ངེས་མེད་རྒྱུ་རྐྱེན་ཇེ་མང་བཟོས་ཡོད་ཅེས་བཤད། 

ཨི་རན་གྱིས་ས་དི་ཨ་རབ་ཀྱིས་བར་འདུག་བྱ་རྒྱུ་དེ་གཏམ་འཆལ་རེད་ཟེར།

པཱ་ཅ་ཨེར་གྱིས་ཚེས་ཉེར་གཉིས་ཉིན་ལ། ས་དི་ཨ་རབ་ཀྱིས་ཨི་རན་དང་ཨ་རིའི་བར་གྱི་གྲོས་མོལ་ལ་བར་འདུག་བྱེད་བཞིན་ཡོད་ཅེས་པའི་གསར་འགྱུར་དེ་གཏམ་འཆལ་ཡིན་ཟེར།

  དེ་སྔོན་འཕྲིན་སྦྱོར་ལ་ལས་གསར་འགྱུར་སྤེལ་ནས། ས་དི་ཨ་རབ་ཀྱིས་ཨི་རན་དང་ཨ་རིའི་བར་གྱི་གྲོས་མོལ་ལ་བར་འདུག་བྱེད་བཞིན་ཡོད་ལ། ཐེ་རོན་ཕུའུ་ཡིས་ས་དི་ཨ་རབ་ལ་འཚམས་འདྲི་བྱེད་རིང་། ཨི་རན་དང་ཨ་རིའི་མགོ་ཁྲིད་ངོ་ཐུག་རྒྱུ་བཀོད་སྒྲིག་བྱེད་པའི་རེ་བ་ཡོད་ཅེས་བཤད།

པཱ་ཅ་ཨེར་གྱིས་ཚེས་ཉེར་གཉིས་ཉིན་ཨུ་རུ་སུའི་རྒྱལ་སྤྱིའི་གསར་འགྱུར་ཁང་ལ་གོང་གི་བཤད་ཚུལ་དེ་གཏམ་འཆལ་དང་འོལ་ཚོད་ཡིན་པས། དོན་དངོས་དང་མི་མཐུན་ཞེས་གསལ་བཤད་བྱས། 图片

  ཟླ་བ་བཞི་པའི་ཚེས་ཉེར་གཅིག་ཉིན། ཨི་རན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅ་ཨེར་གྱིས་ཏེ་ཧེ་རན་དུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ནང་ཞུགས།

ཐེ་རོན་ཕུའུ་ཡིས་ཟླ་བ་གསུམ་པའི་ཟླ་མཇུག་ཏུ་ཁོ་རང་ས་དི་ཨ་རབ་དང་ཁ་ཐར་ལ་འཚམས་འདྲི་བྱ་རྩིས་ཡོད་པ་མ་ཟད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་རྒྱལ་ཁབ་གཞན་དག་ལ་འཚམས་འདྲི་བྱ་རྒྱུ་ཡིན། ཟླ་བ་རྗེས་མའམ་ཅུང་འཕྱི་བའི་དུས་ལ་འཚམས་འདྲི་བྱ་རྩིས་ཡོད་ཟེར། འདི་ནི་ཁོས་ཙུང་ཐུང་གི་འགན་བཞེས་ཐེངས་གཉིས་པའི་ནང་ཐེངས་དང་པོར་ཕྱི་རྒྱལ་ལ་འཚམས་འདྲི་བྱེད་པ་ཡིན་རྒྱུ་རེད། 

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།

རྩོམ་སྒྲིག་པ།  ཐུབ་བསྟན་ཟླ་བ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། བཀྲ་ཤིས་ཉི་མ།


  • 顶