
ཟླ4པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆའེ་སི་དང་གྲོས་མོལ་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆའེ་སི་དང་གྲོས་མོལ་གནང་།
ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་སི་ཕེན་གྱི་ཁྱབ་ཁོངས་ཁག་དབར་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རང་སོ་སོའི་དཔལ་འབྱོར་བརྟན་རླིང་ངང་འཕར་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། དེ་ནི་གསལ་སྟོན་གང་ལེགས་ཡིན་པ་དང་། འདིས་ཕན་ཚུན་བརྩི་འཇོག་དང་སྒོ་འབྱེད་མཉམ་ལས། གཉིས་ཕན་མཉམ་ཁེ་བཅས་ཀྱི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འགྲོ་འོང་བྱེད་པའི་ཡང་དག་པའི་ཐབས་ལམ་མངོན་པར་མཚོན་ཡོད། དེ་རིང་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་དབུ་བཞུགས་བློན་ཆེན་དང་ཐུག་འཕྲད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་ཆེད་འཆར་གཞི་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་འགྱུར་ལྡོག་དང་ཟང་ཟིང་འདྲེས་པའི་རྒྱལ་སྤྱིའི་གནས་བབ་ཁྲོད་སྒོ་འབྱེད་དངོས་གཉེར་གྱི་རྣམ་འགྱུར་བཟུང་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་བསླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོས་སི་ཕན་དང་མཉམ་དུ་སྔར་ལས་ལྷག་པར་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཐོན་ལས་ཕན་ཚུན་ཁ་གསབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཉོ་ཚོང་དངུལ་གཏོང་མཉམ་ལས་ཀྱི་སྦས་ཤུགས་རྒྱུན་མཐུད་ངང་འདོན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་མི་ཐབས་རིག་ནུས་དང་གཞི་གྲངས་དཔལ་འབྱོར། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ལས་བར་སྟོངས་རྒྱ་བསྐྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རིག་གནས་དང་སློབ་གསོ། ན་གཞོན། ཚན་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཀྱི་དམངས་སེམས་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
ལི་ཆང་གིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས“འདྲ་མཉམ་སྒོ་ཁྲལ”ཟེར་བ་ཁ་སྣོན་བྱས་པ་དེས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་ཡོ་རོབ་མནའ་འབྲེལ་བར་དུ་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་ལག་རྡང་སྦྲེལ་ནས་སྲུང་སྐྱོབ་བྱེད་པ་དང་། གོ་ལ་ཧྲིལ་པོའི་ཐོན་སྐྱེད་མཁོ་སྤྲོད་ཕྲེང་འབྲེལ་བརྟན་བརླིང་དང་གེགས་མེད་ཡོང་བར་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་དང་ཕྱོགས་སོ་སོའི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བཅས་བྱེད་འདོད་ཡོད་ལ། སི་ཕེན་གྱིས་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།
སང་ཆའེ་སི་ཡིས་བསྟན་དོན། སི་ཕེན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་མི་གཞུང་བརྗེ་རེས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་ལ། སི་ཕེན་གྱིས་ཀྲུང་གོའི་ཁེ་ལས་སི་ཕེན་དུ་དངུལ་གཏོང་ལས་སྐྲུན་བྱེད་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་དང་། ཡོ་རོབ་དང་ཀྲུང་གོས་གྲོས་མོལ་བརྗེ་རེས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱས་ཏེ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཨ་མེ་རི་ཁས་སྒོ་ཁྲལ་ཁ་སྣོན་བྱས་པ་དེ་འདྲ་མཉམ་མིན་ལ་དྲང་གཞག་ཀྱང་མིན་ཞིང་། ཡོ་རོབ་མནའ་འབྲེལ་གྱི་དཔལ་འབྱོར་ལ་གནོད་སྐྱོན་བཟོས་ཡོད་པས། ཡོ་རོབ་མནའ་འབྲེལ་གྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས་རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།
གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་སོགས་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།
ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སི་ཕེན་རྒྱལ་ཁབ་ཀྱི2025ལོ་ནས2028ལོའི་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་ཤུགས་སྣོན་པའི་སྐོར་གྱི་འགུལ་སྐྱོད་འཆར་གཞི》མཉམ་དུ་སྤེལ། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་ཚན་རྩལ་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་པ་དང་། རང་མོས་ཉོ་ཚོང་དང་སྒོ་འབྱེད་མཉམ་ལས་ལ་མཉམ་དུ་རྒྱབ་སྐྱོར་བྱེད་པ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བཅས་བྱ་རྒྱུར་མོས་མཐུན་བྱུང་།
ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས། །
འཕྲིན་སྟེགས། weikangba