ཞི་ཅིན་ཕིང་གིས་ལ་ཏིན་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཐུན་མོང་ཚོགས་པའི་མཐོ་རིམ་གྲོས་ཚོགས་སྐབས་དགུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

2025-04-14
372

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས9ཉིན། ལ་ཏིན་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཐུན་མོང་ཚོགས་པའི་མཐོ་རིམ་གྲོས་ཚོགས་སྐབས་དགུ་པ་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཧོང་ཏུ་ལ་སི་རུ་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩེ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་སྒོས་འཕེལ་འགྱུར་བྱུང་བཞིན་ཡོད་པ་དང་། ཀྲུང་གོ་དང་ལ་ཏིན་མེ་གླིང་། ཅ་ལི་པིའི་རྒྱལ་ཁབ་བཅས་ཚུད་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྣམ་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད། ལ་ཏིན་མེ་གླིང་གི་ཐུན་མོང་ཚོགས་པས་རང་སྟོབས་རང་སྤེལ་དང་མཉམ་འབྲེལ་རང་སྟོབས་རྒྱུན་འཁྱོངས་བྱས་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་དང་། འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ས་ཁོངས་གཞི་གཅིག་ཅན་ལ་སྐུལ་འདེད་བཅས་བྱ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ལ་ཏིན་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ། མི་དམངས་བཅས་ཀྱིས་འཕེལ་རྒྱས་དར་སྤེལ་གྱི་བགྲོད་ལམ་སྟེང་གྲུབ་འབྲས་སྔར་ལས་ཆེ་བ་བླངས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་སྔར་ལས་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་སྨོན་འདུན་ཞུ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ལ་ཏིན་མེ་གླིང་གི་འབྲེལ་བས་རྒྱལ་སྤྱིའི་ཚོད་བགམ་དང་ཉམས་སད་ཐེག་པ་དང་། འདྲ་མཉམ་དང་གཉིས་ཕན། གསར་སྐྲུན། སྒོ་འབྱེད། དམངས་ཕན་གྱི་དུས་རིམ་གསར་པར་བསླེབས་ཡོད། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་གྱི་ཡིད་ཆེས་གཏིང་ཟབ་ཏུ་བྱིན་ཡོད་པ་དང་། དངོས་སྒྲུབ་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་ཡོད་ལ། མི་ཆོས་འགྲོ་འོང་བརྗེ་རེས་ཉིན་རེ་བཞིན་དམ་ཟབ་ཏུ་ཕྱིན་ནས། ཀྲུང་གོ་དང་ལ་ཏིན་མེ་གླིང་ཕྱོགས་གཉིས་ཀྱི་མི་དམངས་ལ་ཕན་པ་ཐོབ་པ་དང་། ཕན་ཚུན་བར་མཉམ་ལས་ཀྱི་དཔེ་མཚོན་ཞིག་བཙུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ལ་ཏིན་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད། ད་ལོར་ཀྲུང་གོ་ཕྱོགས་ཀྱིས་པེ་ཅིན་དུ་ཀྲུང་གོ་དང་ལ་ཏིན་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཞི་པ་འཚོགས་རྒྱུ་ཡིན་ལ། ལ་ཏིན་མེ་གླིང་གི་ཐུན་མོང་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་སོ་སོ་ཀྲུང་གོར་ཚོགས་འདུར་ཕེབས་པར་དགའ་བསུ་ཞུ་བ་དང་། འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་མཉམ་དུ་གྲོས་མོལ་བྱེད་པ་དང་མཉམ་ལས་ཀྱི་བྱེད་སྒོ་ཆེན་པོར་མཉམ་དུ་ཞུགས་ཏེ། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། འཛམ་གླིང་བཅོས་སྐྱོང་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བཅས་བྱ་ཆེད་མཉམ་དུ་བློ་གྲོས་དང་སྟོབས་ཤུགས་ཕུལ་ནས་བྱས་རྗེས་འཇོག་དགོས། །


  • 顶