རྒྱལ་སྤྱིའི་ལག་སྤྲོད་གསེར་གྱི་རིན་གོང་ཨང་སི་རེར་ཨ་སྒོར་སུམ་སྟོང་ཉིས་བརྒྱ་ལས་བརྒལ་ནས་ཡང་བསྐྱར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། ཟླ་བ་བཞི་པའི་ཚེས་བཅུ་གཅིག་ཉིན། མི་དམངས་ཤོག་སྒོར་རྩིས་རྒྱག་པའི་དུས་བཅད་གསེར་དང་ལག་སྤྲོད་གསེར་གྱི་རིན་གོང་ལྷག་ཏུ་འཕར་བས། ཚོང་རྟགས་གྲགས་ཅན་གྱི་གསེར་ཚོང་ཁང་གི་གསེར་གྱི་རྒྱན་ཆའི་རིན་གོང་ཁེ་རེར་སྒོར་ཆིག་སྟོང་ལས་བརྒལ་འཇུག་པ་རེད།
གཞི་གྲངས་ལས་མངོན་པ་ལྟར་ན། ཁ་སང་ཧྲང་ཧའེ་གསེར་ཉོ་འཚོང་ཁང་གི་ལག་སྤྲོད་གསེར་གྱི་རིན་གོང་ཁེ་རེར་སྒོར་བདུན་བརྒྱ་དྲུག་ཅུ་ལས་བརྒལ་བས། འཕར་ཚད་བརྒྱ་ཆའི་ཉིས་ཚེག་བརྒྱད་ལས་བརྒལ། ཧྲང་ཧའེ་དུས་བཅད་ཚོང་ཟོང་བརྗེ་འཚོང་ཁང་གི་དུས་བཅད་གསེར་གྱི་རིན་གོང་གཙོ་བོ་ཆེས་མཐོ་ན་ཁེ་རེ་བདུན་བརྒྱ་རེ་གསུམ་ལ་རན་ནས། འཕར་ཚད་བརྒྱ་ཆའི་གསུམ་ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། སིལ་ཚོང་ཚོང་ར་རུ། ཀྲུའུ་ཏཱ་ཧྥུའུ་སོགས་ཀྱི་གསེར་གྱི་རྒྱན་ཆའི་རིན་གོང་དེ་ཟླ་བ་བཞི་པའི་ཚེས་བདུན་ཉིན་གྱི་ཁེ་རེ་སྒོར་དགུ་བརྒྱ་བཅོ་བརྒྱད་ནས། ཁེ་རེ་དགུ་བརྒྱ་དགུ་བཅུར་འཕར་འདུག གཟའ་འཁོར་ནང་འཕར་ཚད་བརྒྱ་ཆའི་བདུན་ཚེག་བརྒྱད་ལ་ཟིན།
ཏུང་ཧྥང་ཅིན་ཁྲེང་ཞིབ་འཇུག་འཕེལ་རྒྱས་པུའུ་ཡི་སྤྱི་བཤེར་ཟུར་པ་ཆུའུ་རུའུ་ཡིས། ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱི་གནོད་པའི་འོག རྒྱལ་སྤྱིའི་ཉོ་ཚོང་སྲིད་ཇུས་ཀྱི་གཏན་ཁེལ་མིན་པའི་རང་བཞིན་ད་རུང་སྔ་བཞིན་མཐོན་པོ་དང་། ཨ་སྒོར་སྟོན་གྲངས་མར་བབས་པ། ཚོང་རའི་ཉེན་གཡོལ་གནས་ཚུལ་ཇེ་མཐོར་སོང་བས། གསེར་གོང་ཆགས་པར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་ཅེས་བཤད།
རྒྱལ་ནང་གི་གསེར་གོང་༢༠༢༥ལོར་བརྒྱ་ཆའི་ཉེར་བདུན་འཕར་རྗེས། ད་ལོར་འཕར་ཚད་བརྒྱ་ཆའི་ཉེར་གསུམ་བརྒལ།
ཧྲང་ཧའེ་གསེར་བརྗེ་འཚོང་ཁང་གིས་ལུགས་མཐུན་གྱིས་མཛོད་གནས་ཚོད་འཛིན་དང་ཚུལ་མཐུན་གྱིས་དངུལ་གཏོང་བྱེད་དགོས་ཞེས་དྲན་སྐུལ་གནང་།
ཟླ་བ་བཞི་པའི་ཚེས་བཅུ་ཉིན། ཧྲང་ཧའེ་གསེར་བརྗེ་འཚོང་ཁང་གིས་ཉེ་དུས་ཚོང་རའི་ཉེན་ཁ་ཚོད་འཛིན་ལས་ཀ་ཇེ་དྲག་གཏོང་བའི་སྐོར་གྱི་བརྡ་ཐོ་སྤྱི་བསྒྲགས་བྱས་ནས། ཉེ་དུས་རྒྱལ་སྤྱིའི་གནས་ཚུལ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བས། ལྕགས་རིགས་རྩ་ཆེན་འཕར་ཆག་ཅུང་ཆེ་བ་དང་ཚོང་རའི་ཉེན་ཁ་ཇེ་ཆེ་རེད། ཚང་མས་ཉེན་ཁར་སྔོན་འགོག་འདུ་ཤེས་ཇེ་མཐོར་བཏང་ནས། མུ་མཐུད་དེ་ཉེན་ཁའི་བབ་བསྟུན་འཆར་འགོད་ལས་ཀ་ཡག་པོ་སྒྲུབ་པ་དང་། ཚོང་ར་བརྟན་པོའི་ངང་འཁོར་རྒྱུག་བྱེད་པར་སྲུང་སྐྱོང་བྱེད་རོགས། དེ་མ་ཟད། དངུལ་གཏོང་མཁན་གྱིས་ཉེན་ཁ་སྔོན་འགོག་ལས་ཀ་ཡག་པོ་བསྒྲུབས་ནས། ལུགས་མཐུན་གྱིས་མཛོད་གནས་ཚོད་འཛིན་དང་ཚུལ་མཐུན་གྱིས་དངུལ་གཏོང་བྱེད་དགོས་ཞེས་བཤད།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།
རྩོམ་སྒྲིག་པ། ཐུབ་བསྟན་ཟླ་བ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།།
འཕྲིན་སྟེགས། weikangba