ཀྲུང་དབྱང་གི་མཐའ་འཁོར་ལས་ཀའི་གྲོས་ཚོགས་ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་ནས་ཚེས་དགུ་ཉིན་བར་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་གྲོས་ཚོགས་ནང་ཞུགས།
ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུ་དུས་རབས་གསར་པ་ནས་བཟུང་རང་རྒྱལ་གྱི་མཐའ་འཁོར་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་བཅས་ལ་ཕྱོགས་བསྡོམས་ཆ་ཙང་གནང་ཞིང་། ཚན་རིག་དང་མཐུན་པས་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། རྗེས་ཕྱོགས་ཀྱི་དུས་སྐབས་གཅིག་རིང་གི་མཐའ་འཁོར་ལས་ཀའི་དམིགས་འབེན་ལས་འགན་དང་བསམ་བཀོད་ལམ་བྱེད་གསལ་བོ་བཏོན་ཡོད། མཐའ་འཁོར་གྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་རྒྱུར་དམིགས་ནས། ཧུར་ཐག་གིས་མཐའ་འཁོར་ལས་ཀའི་རྣམ་པ་གསར་པ་འབྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། ལི་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། དམ་པ་དོན་གཉེར་སྒོས་མཐའ་འཁོར་ལས་ཀའི་ལས་འགན་ཁག་ལག་བསྟར་ཡག་པོ་བྱ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ཐོག རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་བ་དང་། མཐའ་མཚམས་རིང་བས། མཐའ་འཁོར་ནི་འཕེལ་རྒྱས་བྱུང་བའི་རྨང་གཞི་གལ་ཆེན་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་གཙོ་གནད། ཕྱི་འབྲེལ་གྱི་ཁྱོན་ཡོངས་བཀོད་སྒྲིག་བྱེད་པའི་གནད་དོན་གལ་ཆེ་ཤོས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་ཤུགས་འདོན་པའི་གནད་འགག་གཙོ་བོ་བཅས་ཡིན་པས། འཛམ་གླིང་ཡོངས་ཀྱི་མིག་རྒྱང་རིང་པོས་མཐའ་འཁོར་ལ་ཞིབ་གཟིགས་བྱེད་པ་དང་། མཐའ་འཁོར་ལས་ཀ་ཡག་པོ་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་གཏོང་དགོས་ཞེས་བསྟན་ཡོད།གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་བརྩེ་བདེན་ཕན་ཡངས་བཞི་ཡི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་བཏོན་པ་དང་། མཐའ་འཁོར་གྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་ཁྲིད། གཙོ་བདག་ཕྱི་འབྲེལ་གྱིས་སྣེ་ཁྲིད་པ་དང་། མཐའ་འཁོར་རྒྱལ་ཁབ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ཇེ་ཟབ་དང་། ཁྱབ་ཁོངས་སོ་སོའི་ནང་གི་སྤེལ་རེས་ཇེ་དྲག་གཏོང་བ། ཞི་བདེ་བརྟན་བརླིང་མཉམ་དུ་སྲུང་སྐྱོང་་བཅས་བྱས་ནས་དམ་པ་དོན་གཉེར་དང་ཕན་འབྲས་ཆེ་བའི་མཐའ་འཁོར་ལས་ཀའི་སྒྲོམ་གཞི་ཆགས་ཤིང་། མཐའ་འཁོར་ལས་ཀར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད། ལག་ལེན་ཁྲོད་ནས་འཚོལ་ཞིབ་བྱས་ནས་ཆགས་པའི་ཉམས་མྱོང་དག་རྒྱུན་འཁྱོངས་ཡག་པོ་དང་བེད་ཡག་མོ་སྤྱོད་དགོས་པའི་ངོས་འཛིན་གནང་བ་རེད།
གྲོས་ཚོགས་ཐོག མིག་སྔར་རང་རྒྱལ་གྱི་མཐའ་འཁོར་འབྲེལ་བ་དེ་ཉེ་རབས་ཚུན་གྱི་དུས་སྐབས་ཡག་ཤོས་ལ་གནས་ཡོད་ལ། དུས་མཚུངས་སུ་མཐའ་འཁོར་གནས་བབ་དང་འཛམ་གླིང་འགྱུར་ལྡོག་གཉིས་ཟུང་དུ་འབྲེལ་བའི་དུས་རིམ་གལ་ཆེན་ལ་སླེབས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་རྒྱུན་འཁྱོངས་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ། རྒྱལ་ཁབ་ཕྱི་ནང་གི་བཀོད་པ་ཆེན་པོ་གཉིས་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་གཅིག་གྱུར་ཡག་པོ་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་བདེ་དང་ཞོད་འཇགས། འབྱོར་ཕྱུག མཛེས་སྡུག མཛའ་མཐུན་བཅས་ལྔ་འཛོམས་ཁྱིམ་གཞིས་འཛུགས་པ་དེ་ཐུན་མོང་གི་ཕུགས་འདུན་ལ་འགྱུར་བ། ཁྱིམ་མཚེས་འཆམ་མཐུན་དང་བདེ་འཇགས། ཕྱུག་པོ། བརྩེ་བདེན་ཕན་ཡངས། ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་འདུ་ཤེས་དང་བྱེད་ཕྱོགས་ལ་བརྟེན་པ། ཞི་བདེ་དང་མཉམ་ལས། སྒོ་འབྱེད། ཁོག་ཡངས་བཅས་ཀྱི་ཡ་གླིང་གི་རིན་ཐང་ལྟ་བ་དེ་གཞི་རྩའི་སྲུང་བྱར་འཛིན་པ། སྤུས་མཐོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དེ་སྟེགས་བུ་གལ་ཆེན་དུ་འཛིན་པ། བདེ་ཉེན་མཉམ་གནས། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག ཁ་བརྡ་གྲོས་མོལ་བཅས་ཀྱི་ཡ་གླིང་གི་བདེ་འཇགས་རྣམ་པ་དེ་འཐབ་ཇུས་ཀྱི་རྒྱབ་རྟེན་ལ་བཟུང་ནས་མཐའ་འཁོར་རྒྱལ་ཁབ་ཀྱི་མཛེས་པའི་མ་འོངས་མཉམ་དུ་གཏོད་དགོས་ཞེས་བསྟན་པ་རེད།
གྲོས་ཚོག་ཐོག་མཐའ་འཁོར་གྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར། མཐའ་འཁོར་རྒྱལ་ཁབ་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་རྟོན་ཇེ་བརྟན་བཏང་ནས་ས་ཁུལ་དང་རྒྱལ་ཁབ་བརྟན་པོའི་ངང་རང་ཉིད་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པར་རྒྱབ་སྐྱོར་དང་། འགལ་བ་རྩོད་པ་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ། འཕེལ་རྒྱས་མཉམ་བསྲེས་ཇེ་ཟབ་བཏང་ནས། ཆུ་ཚད་མཐོ་བའི་ཕན་ཚུན་འབྲེལ་མཐུད་འབྲེལ་དྲྭ་འཛུགས་སྐྱོང་དང་། ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་མཉམ་ལས་ཇེ་དྲག་གཏོང་བ། མཉམ་དུ་ས་ཁུལ་བརྟན་བརླིང་སྲུང་སྐྱོང་དང་། བདེ་འཇགས་དང་ཁྲིམས་བསྟར་མཉམ་ལས་སྤེལ་ནས། རིགས་སོ་སོའི་ཉེན་ཁ་འགྲན་སློང་ལ་ཁ་གཏད་འཇལ་བ། འགྲོ་འོང་སྤེལ་རེས་རྒྱ་བསྐྱེད་ནས། མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་དགོས་ཞེས་ནན་གྱིས་བསྟན་པ་རེད།
གྲོས་ཚོགས་ཐོག མཐའ་འཁོར་ལས་ཀ་ཡག་པོ་བསྒྲུབ་དགོས་ན། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་དབུ་ཁྲིད་ཇེ་དྲག་བཏང་ནས། ཕྱོགས་སོ་སོའི་མཐུན་སྦྱོར་རམ་འདེགས་ཇེ་དྲག་གཏོང་དགོས། ལམ་ལུགས་ནང་རྐྱེན་བཅོས་བསྒྱུར་ཟབ་སྤེལ་བཏང་ནས། ཕྱི་འབྲེལ་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་ཚང་གཏོང་དགོས། ནུས་པ་དང་དཔུང་ཁག་འཛུགས་སྐྱོང་ཇེ་དྲག་ཏུ་བཏང་ནས། མཐའ་འཁོར་ལས་ཀའི་རིགས་གཞུང་དང་ལག་ལེན་གསར་གཏོད་བྱེད་དགོས་ཞེས་བསྟན་པ་རེད།
ཝང་དབྱིས་ཀྱིས་ཕྱོགས་བསྡོམས་གསུང་བཤད་གནང་། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་དབུ་ཁྲིད་བློ་མཐུན་དང་། འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཞུགས་པ་རེད།
འཕྲིན་སྟེགས། weikangba