ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་དང་སྐར་མ་ཞེ་བརྒྱད་ཐོག ཧོ་པེ་ཞིང་ཆེན་ལུང་ཧྭ་རྫོང་གི་རྒན་གསོ་ཁང་ཞིག་ལ་མེ་སྐྱོན་ཤོར། མེ་གསོད་མེ་འགོག་དང་བབ་བསྟུན། སྤྱི་བདེ། འཕྲོད་བསྟེན་བདེ་ཐང་སོགས་ལས་ཁུངས་ཀྱིས་དེ་མ་ཐག་དོན་རྐྱེན་ཡུལ་དངོས་སུ་སོང་ནས་མྱུར་སྐྱོབ་བྱས། དགོང་མོའི་ཆུ་ཚོད་བཅུ་གཅིག་ཙམ་ལ། ཡུལ་དངོས་ཀྱི་མེ་བསད་ཐུབ་ཡོད། དོན་རྐྱེན་ལས་མི་ཉི་ཤུ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་། རྨས་སྐྱོན་ཕོག་པའི་མི་བཅུ་དགུ་སྨན་ཁང་དུ་ལྟ་ཞིབ་བྱེད་དུ་བསྐྱལ། མིག་སྔར། རྒན་གསོ་ཁང་གི་འབྲེལ་ཡོད་འགན་འཁུར་པ་སྤྱི་བདེ་ལས་ཁུངས་ཀྱིས་ཚོད་འཛིན་བྱས་ཤིང་། དོན་རྐྱེན་ཤོར་དོན་དང་ཁྱིམ་མིར་སེམས་གསོ་བྱེད་པ་སོགས་ཀྱི་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

རྒན་གསོ་ཞབས་ཞུའི་ལས་ཁུངས་ཀྱིས་མེ་སྐྱོན་སྔོན་འགོག་བྱེད་པར་ངེས་པར་དུ་གཤམ་གྱི་དོན་ཚན་དག་བསྒྲུབ་དགོས།
མྱུར་དུ་སྲོག་ཉེན་ལས་གཡོལ་ཐབས་བྱེད་དགོས།
མེ་སྐྱོན་ཤོར་ཚེ། དེ་མ་ཐག 119 ལ་ཁ་པར་བརྒྱབ་ནས་ཉེན་ཞུ་བྱེད་དགོས་ཤིང་། མེ་སྐྱོན་ཤོར་ས་དང་བཀག་ཉར་ཐེབས་པའི་མི་སྣའི་གནས་ཚུལ་གསལ་པོར་བཤད་དགོས་པ་དང་། ལས་མི་བཀོད་སྒྲིག་བྱས་ནས་ལམ་ཁ་ནས་མེ་གསོད་མེ་འགོག་རླངས་འཁོར་བསུ་དགོས།
ལས་མི་རྩ་འཛུགས་བྱས་ནས་རྒན་རྒོན་ཕྱིར་འཐེན་བྱེད་དགོས་པ་དང་། ལོ་ན་མཐོ་ཞིང་ལུས་པོ་བདེ་ཐང་མིན་པ། ན་ནས་ཉལ་སར་ལྷུང་བའི་རྒན་རྒོན་གཙོར་བྱས་ནས་ཕྱིར་འཐེན་བྱེད་དགོས།
མེ་གསོད་ས་ཚིགས་ཆུང་གྲས་སྐྲུན་པ།
མེ་གསོད་མེ་འགོག་བདེ་འཇགས་ཀྱི་ལས་ཁུངས་གཙོ་བོ་ཡིན་ན། མེ་གསོད་ས་ཚིགས་ཆུང་གྲས་བསྐྲུན་དགོས་པ་དང་། མི་སྣ་དང་ཡོ་བྱད། མེ་གསོད་ནུས་པ་བཅས་ལྡན་པར་འགན་སྲུང་བྱེད་དེ། མེ་སྐྱོན་ཤོར་ཚེ། དེ་མ་ཐག་ཡུལ་དངོས་སུ་སོང་ནས་མེ་གསོད་དགོས་ཤིང་། མེ་ཤོར་བའི་དུས་འགོར་མེ་གསོད་ཐུབ་དགོས།
ལས་མིའི་མེ་གསོད་མེ་འགོག་བདེ་འཇགས་ཐད་ཀྱི་ནུས་པ་བཞི་ཇེ་དྲག་བཏང་ནས། ཉེན་ཞུ་ཤེས་པ་དང་མེ་གསོད་ཤེས་པ། སྲོག་ཉེན་ལས་གཡོལ་ཐབས་ཤེས་པ་བཅས་བྱ་དགོས།
རྒན་རྒོན་གྱི་མེ་གསོད་མེ་འགོག་བདེ་འཇགས་ཐད་ཀྱི་འདུ་ཤེས་མཐོ་རུ་གཏོང་དགོས།
རྒན་གསོ་ཞབས་ཞུའི་ལས་ཁུངས་ཀྱིས་རྒན་རྒོན་རྣམས་ལ་ཉེན་མེད་ཀྱིས་མེ་དང་གློག སོལ་རླངས། སྣུམ་སོགས་བེད་སྤྱོད་པའི་རྒྱུན་ཤེས་ཁྱབ་གདལ་གཏོང་དགོས།
མེ་གསོད་མེ་འགོག་སྒྲིག་ཆས་ལ་སྲུང་སྐྱོབ་དང་སྲུང་གསོ་བྱེད་དགོས།
རྒན་གསོ་ཞབས་ཞུའི་ལས་ཁུངས་ཀྱི་མེ་གསོད་མེ་འགོག་བདེ་འཇགས་ཀྱི་ས་གནས་གཙོ་བོ་དང་མེ་གསོད་མེ་འགོག་སྒྲིག་ཆས་ཐོག་རྟགས་མཚན་དང་བེད་སྤྱོད་གསལ་བཤད་གསལ་པོར་སྦྱར་དགོས་པ་མ་ཟད། དུས་བཅད་ལྟར་མེ་གསོད་མེ་འགོག་སྒྲིག་ཆས་ལ་སྲུང་སྐྱོབ་དང་སྲུང་གསོ་བྱེད་དགོས་ལ། མེ་གསོད་མེ་འགོག་བདེ་འཇགས་སྐོར་གྱི་ལམ་ལུགས་གཏན་འབེབས་བྱེད་དགོས།
དུས་བཅད་ལྟར་གྲབས་སྦྱོང་བྱེད་དགོས།
རྒན་གསོ་ཞབས་ཞུའི་ལས་ཁུངས་ཀྱིས་མ་མཐའ་ཡང་ལོ་ཕྱེད་རེར་མེ་གསོད་མེ་འགོག་བདེ་འཇགས་སྐོར་གྱི་གསོ་སྦྱོང་ཐེངས་ཤིག་སྤེལ་དགོས་ཤིང་། མེ་གསོད་མེ་འགོག་བདེ་འཇགས་ཀྱི་གྲབས་སྦྱོང་བྱེད་སྒོ་རྩ་འཛུགས་བྱེད་དགོས།

ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། ཐུབ་བསྟན་ཟླ་བ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ
འཕྲིན་སྟེགས། weikangba