དེ་རིང་ནས་བཟུང་སྲོག་ཆགས་འདིའི་རིགས་མེ་འཁོར་ནང་སྐྱེལ་ཆོག

2025-04-09
495

  ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་ནས་བཟུང་། ལྕགས་ལམ་སྡེ་ཁག་གིས་པེ་ཅིན་དང་ཧྲང་ཧའེ་བར་གྱི་མྱུར་བགྲོད་མེ་འཁོར་གཏོང་ཐེངས་ཁག་ཅིག་ཏུ་ཟུར་བཀར་སྐྱེལ་འདྲེན་དང་། མི་དང་གཅེས་རྟེན་(宠物)ཁ་ཁར་བྱེད་པ། ཆེད་མིས་ལྟ་སྐྱོང་བཅས་ཀྱི་མྱུར་བགྲོད་མེ་འཁོར་ཐོག་ཏུ་གཅེས་རྟེན་མངག་སྐྱེལབྱེད་པའི་ཞབས་ཞུའི་ཚོད་ལྟའི་ལས་ཀ་སྤེལ་འགོ་བརྩམས། ལྕགས་ལམ་གྱི 12306 གི་མགྲོན་སྣེའི་ཐོག་དུས་གཅིག་ཏུ་གཅེས་རྟེན་མངག་སྐྱེལ་གྱི་ཞབས་ཞུ་སྒྲུབ་པས། འགྲུལ་པས་ཉིན་གཉིས་ཀྱི་སྔོན་དུ་དྲ་ཐོག་ནས་སྔོན་མངག་བྱེད་ཆོག སྔོན་མངག་ཐུབ་རྗེས་མེ་འཁོར་གཅིག་གི་ནང་ཁྱིམ་གསོ་དང་བདེ་ཐང་ཡིན་པ་མ་ཟད་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་བཅོ་ལྔ་ལས་མི་བརྒལ་བ། ཕྲག་པའི་མཐོ་ཚད་ལི་སྨི་བཞི་བཅུ་ལས་མི་མཐོ་བའི་བྱི་ལ་དང་ཁྱིའི་རིགས་ཀྱི་གཅེས་རྟེན་མངག་སྐྱེལ་བྱེད་ཆོག

  ཀྲུང་གོའི་ལྕགས་ལམ་མྱུར་སྐྱེལ་གྱི་འབྲེལ་ཡོད་འགན་འཁུར་པས་མཚམས་སྦྱོར་བྱས་པ་ལྟར་ན། ལྕགས་ལམ་སྡེ་ཁག་གིས་རྒྱུན་མཐུད་ནས་སྐྱེལ་འདྲེན་གྱི་མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་། རྒྱ་ཆེའི་འགྲུལ་པའི་ཕྱིར་བསྐྱོད་དགོས་མཁོ་སྣ་ཚོགས་དང་འཚམ་ཐབས་བྱས་ནས། འགྲུལ་པའི་བསམ་འཆར་ལ་ཉན་པ་དང་། ཚོང་རའི་བརྟག་དཔྱད་ཟབ་མོ་བྱས་པའི་རྨང་གཞིའི་ཐོག ཆེད་ལས་ཀྱི་ཚད་ལེན་ཚོད་དཔག་བྱས་པར་བརྒྱུད། ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་ནས་བཟུང་པེ་ཅིན་དང་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་པེ་ཅིན་འབབ་ཚུགས་ལྷོ་མ་དང་ཅི་ནན་འབབ་ཚུགས་ནུབ་མ། ནན་ཅིན་འབབ་ཚུགས་ལྷོ་མ། ཧྲང་ཧའེ་ཧུང་ཆའོ་འབབ་ཚུགས། ཧང་ཀྲོའུ་འབབ་ཚུགས་ཤར་མ་སོགས་འབབ་ཚུགས་ལྔའི་བར་ཕར་འགྲོ་ཚུར་འོང་བྱེད་པའི G119/118  G121/122 G127 G134 G183/184 G195/196 རྟགས་ཅན་སོགས་ཀྱི་མེ་འཁོར་གཏོང་ཐེངས་བཅུར་མྱུར་བགྲོད་མེ་འཁོར་ཐོག་གཅེས་རྟེན་མངག་སྐྱེལ་བྱེད་པའི་ཞབས་ཞུའི་ཚོད་ལྟའི་ལས་ཀ་སྤེལ་འགོ་བརྩམས་པ་རེད། 

  འགན་འཁུར་པ་དེས། མྱུར་བགྲོད་མེ་འཁོར་ཐོག་གཅེས་རྟེན་མངག་སྐྱེལ་བྱེད་པ་དེ་གཙོ་བོར་ཟུར་བཀར་སྐྱེལ་འདྲེན་དང་། མི་དང་གཅེས་རྟེན་ཁ་ཁར་བྱེད་པ། ཆེད་མིས་ལྟ་སྐྱོང་བཅས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཡོད་ཅེས་བཤད།

གཅིག་ནི་ཆེད་སྤྱོད་སྒྲིག་ཆས་སྤྱད་ནས་ཟུར་བཀར་སྐྱེལ་འདྲེན་བྱེད་པ།

གཉིས་ནི་བརྒྱུད་རིམ་ཧྲིལ་པོར་རང་ཚུགས་ཉར་ཚགས་བྱེད་པ་དང་མི་དང་གཅེས་རྟེན་ཁ་ཁར་བྱེད་པ།

གསུམ་ནི་ལྟ་སྐུལ་ཚད་ལེན་དང་བསྐོར་ཞིབ་ཇེ་དྲག་བཏང་ནས་ཆེད་དོན་མི་སྣས་ལྟ་སྐྱོང་བྱེད་པ་རེད། 

  མཚམས་སྦྱོར་བྱས་པ་ལྟར་ན། མྱུར་བགྲོད་མེ་འཁོར་ཐོག་ཏུ་གཅེས་རྟེན་མངག་སྐྱེལ་བྱེད་པའི་ཞབས་ཞུ་དེ་མི་དང་གཅེས་རྟེན་དུས་མཉམ་དུ་ལམ་དུ་ཆས་པ་དང་དུས་གཅིག་ཏུ་འབྱོར་པའི་སྒྲིག་སྲོལ་ལག་བསྟར་བྱེད་ཡོད་ལ།  འགྲུལ་པས་ལྕགས་ལམ་གྱི 12306 གི་མགྲོན་སྣེའི་ཐོག་གཅེས་རྟེན་མངག་སྐྱེལ་གྱི་ཞབས་ཞུ་བརྒྱུད་ནས་དེ་བསྟུན་གྱི་མེ་འཁོར་གཏོང་ཐེངས་འཚོལ་ཞིབ་བྱེད་ཆོག ཉིན་གཉིས་ཀྱི་སྔོན་དང་ཡང་ན་ཉིན་གཉིས་ཀྱི་ཡན་ནས་མེ་འཁོར་སྤ་སེ་ཉོ་དགོས་པ་མ་ཟད་དྲ་ཐོག་ནས་མེ་འཁོར་གཅིག་པའི་ནང་གཅེས་རྟེན་མངག་སྐྱེལ་བྱེད་པའི་ཞབས་ཞུ་སྔོན་མངག་བྱེད་དགོས། སྔོན་མངག་ཐུབ་རྗེས། འགྲུལ་པས་མེ་འཁོར་ནང་མ་བསྡད་གོང་། ཁ་ཆད་བྱས་པའི་དུས་ཚོད་ལྟར་གཅེས་རྟེན་དང་དེ་མིན་སྤ་སེ་ཉོ་སྒྲུབ་བྱེད་དུས་སྤྱད་པའི་ནུས་ལྡན་གྱི་ཐོབ་ཐང་ལག་འཁྱེར་དང་། གོ་ཆོད་དུས་ཡུན་ནང་གི་སྲོག་ཆགས་ཀྱི་ནད་འགོག་ཚད་མཐུན་དཔང་ཡིག་འཁྱེར་ནས། མྱུར་བགྲོད་མེ་འཁོར་འབབ་ཚུགས་ཀྱི་ཀྲུང་གོའི་ལྕགས་ལམ་གྱི་མྱུར་སྐྱེལ་ཚོང་གཉེར་པུའུ་རུ་སོང་ནས་མངག་སྐྱེལ་འགྲོ་ལུགས་སྒྲུབ་ཆོག  འགྲོ་སའི་མེ་འཁོར་འབབ་ཚུགས་སུ་འབྱོར་རྗེས། འགྲུལ་པས་འཕྲིན་ཐུང་དང་ཡང་ན་ཁ་པར་གྱི་དྲན་སྐུལ་གཞིགས་ནས་གཅེས་རྟེན་ལེན་ཆོག

  མྱུར་བགྲོད་མེ་འཁོར་ཐོག་ཏུ་གཅེས་རྟེན་མངག་སྐྱེལ་བྱེད་པའི་ཞབས་ཞུའི་ཚོད་ལྟའི་ལས་ཀ་སྤེལ་པའི་འགྲོ་གྲོན་ནི་སྐྱེལ་འདྲེན་ལམ་ཐག་གཞིར་བཟུང་ནས་སྐས་རིམ་ལྟར་རིན་གོང་རྩིས་རྒྱག་རྒྱུ་ཡིན་ཏེ། དུས་འགོར་རིན་གོང་བརྒྱ་ཆའི་སུམ་ཅུ་མར་བཅག་པ་མ་ཟད། སྒོར་ཉིས་སྟོང་རི་བའི་རྨང་གཞིའི་ཉེན་འགོག་སྤྲོད་རྒྱུ་རེད། ལྕགས་ལམ་སྡེ་ཁག་གིས་དྲན་སྐུལ་བྱས་པ་ལྟར་ན། གལ་སྲིད་རྒྱ་ཆེའི་འགྲུལ་པས་མྱུར་བགྲོད་མེ་འཁོར་ཐོག་གཅེས་རྟེན་མངག་སྐྱེལ་སྐོར་གྱི་ཆ་འཕྲིན་དེ་བས་མང་པོ་ཤེས་འདོད་ན། 12306 དང་ 95572 བརྒྱུད་ཁ་པར་རྒྱག་ཆོག་པའམ་ཡང་ན་ལྕགས་ལམ་གྱི 12306 གི་མགྲོན་སྣེ་བརྒྱུད་ནས་འཚོལ་ཞིབ་བྱེད་ཆོག  ཚོད་ལྟའི་དུས་རིམ། ལྕགས་ལམ་སྡེ་ཁག་གིས་འགྲུལ་པའི་བསམ་འཆར་ཉན་རྒྱུ་དང་། རྒྱུན་མཐུད་ནས་མྱུར་བགྲོད་མེ་འཁོར་ཐོག་ཏུ་གཅེས་རྟེན་མངག་སྐྱེལ་བྱེད་པའི་ཞབས་ཞུ་ལེགས་བཅོས་བཏང་ནས། འགྲུལ་པའི་འགྲོ་འོང་ལ་དེ་བས་སྟབས་བདེ་མང་པོ་མཁོ་འདོན་བྱ་རྒྱུ་རེད། 


ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། 

རྩོམ་སྒྲིག་པ།  ཐུབ་བསྟན་ཟླ་བ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།





  • 顶