ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད་དེ་བཟོ་བཅོས་བྱས་རྗེས་ཀྱི《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་ལ་འགན་སྲུང་བྱེད་པའི་སྲོལ་ཡིག》ཁྱབ་བསྒྲགས་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད་དེ་བཟོ་བཅོས་བྱས་རྗེས་ཀྱི《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་ལ་འགན་སྲུང་བྱེད་པའི་སྲོལ་ཡིག》ཁྱབ་བསྒྲགས་གནང་བ་དང་། 2025ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》ལ་བསྡོམས་པས་ལེའུ5དང་དོན་ཚན37ཡོད་ལ། བཟོ་བཅོས་ཀྱི་ནང་དོན་གཤམ་གསལ་ལྟར།
གཅིག་ནི་བྱ་བའི་འགན་འཁྲི་གསལ་བོར་བྱེད་དགོས། རྒྱལ་ཁབ་དང་ས་གནས་རིམ་པའི་ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་བར་བྱ་བའི་ཕྱོགས་བསྡུས་དོ་དམ་བྱེད་པའི་འགན་འཁུར་མཁན་སྡེ་ཁག་དང་། དེ་བཞིན་འཕེལ་རྒྱས་བཅོས་བསྒྱུར་དང་ནོར་སྲིད་སོགས་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་ལ་འགན་སྲུང་བྱེད་པའི་བྱ་བའི་ཁྲོད་ཀྱི་འགན་འཁྲི་ཞིབ་ཕྲ་བཟོ་རྒྱུའི་གཏན་འབེབས་བྱས་ཡོད།
གཉིས་ནི་གྲོན་དངུལ་གཏོང་སྤྲོད་བྱེད་པའི་འགན་འཁྲི་ཇེ་ཆེར་གཏོང་དགོས། ལས་ཁུངས་དང་ལས་དོན་ལས་ཁུངས། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་འབྲིང་ཆུང་ལ་གྲོན་དངུལ་གཏོང་སྤྲོད་བྱེད་པའི་དུས་བཀག་བླང་བྱ་གསལ་བོར་བྱེད་དགོས་ལ། ཁེ་ལས་ཆེ་གྲས་ཀྱིས་དངོས་ཟོག་དང་བཟོ་སྐྲུན། ཞབས་ཞུ་རྩིས་སྤྲོད་བྱས་པའི་ཉིན་ནས་བཟུང་ཉིན60ནང་གྲོན་དངུལ་གཏོང་སྤྲོད་བྱེད་དགོས་པའི་གཏན་འབེབས་ཁ་སྣོན་བྱས་ཡོད།
གསུམ་ནི་ལྟ་སྐུལ་དོ་དམ་དང་ཞུ་གཏུག་ཐག་གཅོད་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གླ་ཕོགས་འགོར་འགྱངས་གཙང་སེལ་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་རྒྱུའི་གཏན་འབེབས་ཇེ་མང་དུ་བཏང་ཡོད།
བཞི་ནི་ཁྲིམས་འགལ་ཆད་གཅོད་ཤུགས་ཚད་ཆེ་རུ་གཏོང་དགོས། རྒྱལ་དབང་ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་འབྲིང་ཆུང་ལ་གྲོན་དངུལ་གཏོང་སྤྲོད་འགོར་འགྱངས་བྱས་ནས་མཇུག་འབྲས་དང་ཤུགས་རྐྱེན་མི་ལེགས་པ་བཟོས་པ་དང་། ལས་ཁུངས་དང་ལས་དོན་ལས་ཁུངས། ཁེ་ལས་ཆེ་གྲས་དང་ལས་བྱེད་མི་སྣ་བཅས་ལ་འཁོན་ལན་སློག་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་འབྲེལ་ཡོད་བཅའ་ཁྲིམས་འགན་འཁྲི་ཁ་གསབ་དང་འཐུས་ཚང་དུ་བཏང་ཡོད། །