ཝང་དབྱི་ཡིས་ཧྥ་རན་སེའི་ཙུང་ཐུང་གི་ཕྱི་འབྲེལ་བློ་འདོན་པ་པོ་ན་ལ་ཁ་པར་བཏང་།

2025-03-20
208

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་འབྲེལ་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་ཁ་ཆད་ལྟར་ཧྥ་རན་སེའི་ཙུང་ཐུང་གི་ཕྱི་འབྲེལ་བློ་འདོན་པ་པོ་ན་ལ་ཁ་པར་བཏང་།

ཝང་དབྱི་ཡིས་པོ་ན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མེ་ཁུ་ལུང་ལ་འཚམས་འདྲི་གནང་བ་བརྒྱུད་སྤྲོད་བྱས། ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་སྲུང་སྐྱོང་། རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་འདོད་ཡོད། མིག་སྔའི་དུས་བབ་འོག་ཀྲུང་གོ་དང་ཡོ་རོབ་བར་གྲོས་མོལ་བྱས་པ་བརྒྱུད་དཔལ་འབྱོར་ཚོང་དོན་གྱི་གཙུབ་བརྡར་ཞིབ་ཕྲ་ཐག་གཅོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཐུན་སྒྲིལ་དང་མཉམ་ལས་ཀྱི་དྲང་ཕྱོགས་ཀྱི་བརྡ་རྟགས་བཏང་ནས། ཀྲུང་གོ་དང་ཧྥ་རན་སེ་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་རེ་འདུན་བཏོན།

པོ་ན་ཡིས་ཝང་དབྱི་ལ་ཙུང་ཐུང་མེ་ཁུ་ལུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་ཞུས་པ་བརྒྱུད་བསྒྲགས་གནང་བ་དང་། ཧྥ་རན་སེ་ཕྱོགས་ཀྱིས་ཧྥ་རན་སེ་དང་ཀྲུང་གོའི་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་ལ་ཚད་མཐོའི་མཐོང་ཆེན་དང་གཅེས་སྤྲས་བྱེད་པ་དང་། ལྷག་པར་དུ་མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་འཐབ་ཇུས་འབྲེལ་གཏུག་དམ་ཟབ་བྱས་ནས། དཔུང་ཁག་གི་འགྲན་རྒོལ་ལ་མཉམ་དུ་བཀག་འགོག་བྱེད་པར་རེ་སྒུག་བྱེད་བཞིན་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཚོང་དོན་དམག་འཁྲུག་དང་སྒོ་ཁྲལ་དམག་འཁྲུག་རྒྱག་པར་ངོ་རྒོལ་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་གྲོས་མོལ་བྱས་པ་བརྒྱུད་དཔལ་འབྱོར་ཚོང་དོན་གཙུབ་བརྡར་གྱི་གནད་དོན་འོས་འཚམ་ངང་ཐག་གཅོད་བྱས་ཏེ། ཧྥ་རན་སེ་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོ་བར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་དོ་སྙོམས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཚོང་དོན་སྒྲིག་སྲོལ་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མ་ལག་སྲུང་སྐྱོང་བྱེད་འདོད་ཡོད།

ཕྱོགས་གཉིས་ཀྱིས་ཡུག་རེན་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས། པོ་ན་ཡིས་ཧྥ་རན་སེ་ཕྱོགས་ཀྱི་ལངས་ཕྱོགས་ངོ་སྤྲོད་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དྲང་གཞག་དང་། བརྟན་བརླིང། རྒྱུན་མཐུད་བཅས་ཀྱི་ཞི་བདེའི་གྲོས་མཐུན་ཞིག་འཇོག་པར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཚུལ་བསྟན།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དམག་མཚམས་འཇོག་པའི་ཐད་འབད་བརྩོན་ཡོད་ཚད་མཐོང་བར་དགའ་བ་དང་། འཕེལ་རིམ་དེས་དོ་བདག་ཕྱོགས་ཀྱི་བསམ་འདུན་ལ་བརྩི་འཇོག་བྱེད་དགོས་པ་ལས་ཕྱོགས་གསུམ་པས་བཙན་འགེལ་བྱེད་མི་རུང་ལ། རྒྱལ་ཁབ་ག་གེ་མོ་ཞིག་གི་ཁེ་ཕན་ཁོ་ནར་ཞབས་འདེགས་ཞུ་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་དྲང་གཞག་དང་། ཡུན་རིང་ཡིན་པ། ཚོད་འཛིན་ནུས་པ་ལྡན་པ་དང་དོ་བདག་ཕྱོགས་སོ་སོས་དང་ལེན་བྱེད་པའི་ཞི་བདེའི་གྲོས་མཐུན་ཞིག་འཇོག་པར་རྒྱབ་སྐྱོར་བྱེད་པ་དང་། དོ་བདག་ཕྱོགས་སོ་སོ་དང་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་ཁག་ཚང་མ་དུས་ཐོག་ཏུ་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ནང་ཞུགས་དགོས་པའི་ངོས་འཛིན་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཚུད་པའི་ཕྱོགས་སོ་སོ་དང་མུ་མཐུད་ཞི་བདེའི་ཆེད་དུ་འབད་བརྩོན་བྱེད་འདོད་ཡོད། 

ཕྱོགས་གཉིས་ཀྱིས་ད་དུང་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐད་ལྟ་ཚུལ་བརྗེ་རེས་བྱས། །


  • 顶