ཉེ་བའི་ལོར་ཁྲག་ཤེད་མཐོ་བའི་ནད་པ་དང་གཅིན་སྙི་ནད་༼གཅིན་པ་མངར་འགྱུར་གྱི་ནད་༽ན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བཟའ་བཏུང་རྒྱས་སྤྲོས་སམ་ཚད་བརྒལ་མ་བྱས་ཀྱང་ད་དུང་ཅི་ཡིན་མ་ཤེས་པར་གཅིན་སྙི་ན་དོན་ཅི་ནམ།
འདིའི་ཕྱོགས་ཀྱི་ཞིབ་འཇུག་མང་པོ་ཞིག་གི་ནང་གཅིན་སྙི་ནད་ནི་དོན་ངོ་མ་འཚོ་བ་རོལ་སྟངས་ཤིག་ལས་བྱུང་བ་དང་། དེ་ནི་ང་ཚོའི་རྒྱུན་གྱི་འཚོ་བའི་གོམས་གཤིས་དང་འབྲེལ་བ་ཆེན་པོ་ཡོད་པ་མངོན། གཤམ་དུ་བཀོད་པའི་གོམས་གཤིས་རིགས་ལྔ་འདིས་ཁྱེད་ལ་གཅིན་སྙི་ནད་རྐྱེན་སློང་ཉེན་ཡོད་པས་ཞིབ་མོར་གཟིགས་ནས་མྱུར་དུ་སྤང་ན་ལེགས།
གོམས་གཤིས་དང་པོ། ནམ་རྒྱུན་མཚན་མོར་གློག་སྒྲོན་ཕྱེས་ནས་གཉིད་ཁུག་པ།
༢༠༢༢ལོའི་ཞིབ་འཇུག་རྣམ་གྲངས་ཤིག་ལས་མཚན་མོ་གློག་སྒྲོན་ཕྱེས་ནས་གཉིད་ཁུག་ན་གཅིན་སྙི་ནད་ན་བའི་ཉེན་ཁ་ཡོད་པ་མ་ཟད། ང་ཚོའི་སྙིང་ཁམས་ཁྲག་རྩ་ལའང་གནོད་པ་ཆེན་པོ་ཡོད་པ་བསྟན། ཞིབ་འཇུག་རྣམ་གྲངས་འདིས་བདེ་ཐང་ཅན་གྱི་མི་ཉི་ཤུ་ཚོ་གཉིས་སུ་བགོས་ནས་ཚོ་གཅིག་གློག་སྒྲོན་ཕྱེས་ནས་བསྟུད་མར་མཚན་མོར་གཉིས་གཉིད་པ་དང་ཚོ་ཁག་གཞད་དེས་གློག་སྒྲོན་མ་ཕྱེས་ནས་བསྟུད་མར་མཚན་མོ་གཉིས་གཉིད་པ་རེད། ཞིབ་འཇུག་བྱས་རྗེས་གློག་སྒྲོན་ཕྱེས་ནས་གཉིད་མཁན་རྣམས་ཕྱི་ཉིན་ཞོགས་པར་རྨེན་གཤེར་ཇེ་དམའ་སོང་ནས་ཁྲག་མངར་ཇེ་མཐོར་སོང་ཡོད་པ་དང་། དུས་ཡུན་རིང་པོར་དེ་ལྟར་བྱས་ནས་གཉིད་ན་གཅིན་སྙི་ནད་དུ་གྱུར་འགྲོ་གིན་ཡོད་ལ།ད་དུང་མཚན་མོ་གློག་སྒྲོན་ཕྱེས་ནས་གཉིད་ཁུག་མཁན་རྣམས་སྙིང་འཕར་ཚད་མགྱོགས་སུ་འགྲོ་གིན་ཡོད་པས་སྙིང་ཁམས་ཁྲག་རྩ་ལའང་གནོད་འཚེ་ཡོད་སྲིད་པ་བསྟན།
དེ་མིན་ཚན་རིག་ཞིབ་འཇུག་པས་མཚན་མོར་གཉིད་ཁུག་དུས་གློག་སྒྲོན་ཕྱེ་བའམ་བརྙན་འཕྲིན་སྒོ་ཕྱེ་ནས་གཉིད་མཁན་རྣམས་ཤ་རྒྱག་པ་ཆགས་སླ་བའང་བསྟན།

གོམས་གཤིས་གཉིས་པ། རྒྱུན་པར་བཏུང་ཁུ་མངར་མོའི་རིགས་འཐུང་རྒྱུར་དགའ་བ།
༢༠༢༥ལོའི་ཟླ་དང་པོའི་ནང་ཧཱ་ཧྥོ་སློབ་ཆེན་གྱི་ཞིབ་འཇུག་སློབ་མས་༼གཅིན་སྙི་ནད་རིག་༽དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་གསར་རྟོགས་ལས་མངར་ཆ་འདྲེས་པའི་བཏུང་ཁུ་དང་། མངར་རྫས་སམ་མངར་ཚབ་འདྲེས་མའི་བཏུང་ཁུ་ཡིས་གཅིན་སྙི་ནད་རྐྱེན་སློང་ཉེན་ཆེ་བ་དང་། བཏུང་ཁུ་མངར་མོ་མི་འཐུང་མཁན་དང་བསྡུར་ན་ཉིན་རེར་བཏུང་ཁུ་མངར་མོ་འཐུང་མཁན་གྱི་གཅིན་སྙི་ན་ཉེན་བརྒྱ་ཆ་ཞེ་གཅིག་ལས་མཐོ་བ་མ་ཟད།ཉིན་རེར་མིས་བཟོས་མངར་རྫས་འདྲེས་པའི་བཏུང་ཁུ་འཐུང་མཁན་གྱི་གཅིན་སྙི་ན་ཉེན་བརྒྱ་ཆ་བཅུ་གཅིག་ལས་མཐོ་བ་བསྟན། ད་དུང་གནད་ཆེ་བ་ནི་བཏུང་ཁུ་མངར་མོ་འཐུང་མཁན་རྣམས་ཀྱིས་ལུས་སྦྱོང་ངམ་འགུལ་སྤྱོད་ལེགས་པོ་བྱས་ཀྱང་ད་དུང་གཅིན་སྙི་ན་བའི་ཉེན་ཁ་ཡོད་པས་བཏུང་ཁུ་མངར་མོ་འཐུང་བའི་གནོད་པ་དེ་ལུས་སྦྱོང་གིས་ཀྱང་འགོག་མི་ཐུབ་པར་གསལ།
གོམས་གཤིས་གསུམ་པ། དགོང་ཟས་འཕྱི་ནས་ཟ་བ།
༢༠༢༣ལོར་རྒྱ་སྤྱིའི་རིམས་ནད་རིག་པའི་དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་ཞིག་ལས་མངོན་པར་ལྟར་ན་ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྔོན་ཞོགས་ཟས་ཟ་བ་དང་། དགོང་མོར་ཆུ་ཚོད་བདུན་གྱི་སྔོན་དགོང་ཟས་ཟོས་ན་གཅིན་སྙི་ནད་ན་བའི་ཉེན་ཁ་ཇེ་ཆུང་འགྲོ་བར་ཕན་ལ། གལ་སྲིད་དགོང་ཟས་འཕྱི་ནས་ཟོས་ནས་གཅིན་སྙི་ནད་ན་བའི་ཉེན་ཆེ་བ་བསྟན་ཡོད།
ད་དུང་༢༠༢༢ལོར་༼གཅིན་སྙི་ནད་བཅོས་སྐྱོང་༽ཞེས་པའི་དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་ཞིག་གི་ནང་དགོང་ཟས་འཕྱི་ནས་ཟོས་ན་ཁྲག་མངར་མཐོ་འགྲོ་བ་དང་། གཉིད་ཁུག་པའི་ཆུ་ཚོད་བཞིའི་ནང་ཟ་མ་མི་བཟའ་རྒྱུ་དེ་བདེ་ཐང་ཐབས་ལམ་ཡག་ཤོས་ཡིན་པ་བསྟན་ཡོད།
ཞིབ་འཇུག་དེའི་ནང་ལོ་བཅོ་བརྒྱད་ནས་བདུན་ཅུ་བར་གྱི་སི་ཕེན་གྱི་གཅིན་སྙི་ནད་མེད་པའི་མི་དར་མ་བརྒྱ་དང་ཞེ་ལྔ་ཞུགས་ཡོད། ཁོ་ཚོས་ཆུ་ཚོད་བརྒྱད་རིང་ཟས་བསྡམས་བྱས་རྗེས་མཚན་མོའི་ཁྲག་མངར་བརྟག་དཔྱད་བྱས་པ་དང་དེ་ནི་ཕལ་ཆེར་དགོང་ཟས་ཟོས་རྗེས་དང་འདྲ་བ་བསྡོམས་པས་ཟ་མ་ཟ་བའི་དུས་ཚོད་གཉིས་སུ་བགོས་པ་རེད། དགོང་ཟས་ཅུང་ཟ་སྔ་བའི་རིགས་ནི་མ་གཉིད་གོང་ཆུ་ཚོད་བཞིའི་སྔོན་དགོང་ཟས་ཟ་མཁན་དང་། དགོང་ཟས་ཅུང་ས་འཕྱི་བའི་རིགས་དེ་མ་གཉིད་གོང་ཆུ་ཚོད་གཅིག་གི་གོང་ཟ་མཁན་རེད།
ཞིབ་འཇུག་གྲུབ་འབྲས་ལས་དགོང་ཟས་འཕྱི་ནས་ཟོས་པ་ལས་རྨེན་གཤེར་ཇེ་དམའ་ཕྱིན་ནས་རྒུན་མངར་ཇེ་མཐོར་ཕྱིན་ཡོད།དེས་དགོང་ཟས་ཇི་ཙམ་འཕྱི་ནས་ཟོས་ན་ཁྲག་མངར་དེ་ཙམ་ཇེ་མཐོར་འགྲོ་བ་བསྟན་ཡོད་པས་ཕལ་ཆེ་ཤོས་ཀྱིས་དགོང་ཟས་སྔ་ཙམ་ཡང་ན་མ་གཉིད་གོང་ཆུ་ཚོད་བཞིའི་སྔོན་ཟོས་ན་གཅིན་སྙི་ནད་ཀྱི་སྔོན་འགོག་ཐབས་ལམ་ལེགས་ཤོས་ཤིག་ཡིན་པ་རེད།
གོམས་གཤིས་བཞི་པ། ཡུན་རིང་བསྡད་ནས་ཡར་མི་ལངས་པ།
དེང་སང་ལས་སྒྲུབ་པ་མང་པོ་ཞིག་ཉིན་གང་བོར་གཅིག་འདུག་ཚར་ནས་ཡར་མི་ལངས་པའི་གོམས་གཤིས་ཡོད། ༢༠༢༢ལོའི་ཐེན་ཅིན་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་པས་སྤེལ་བའི་རྩོམ་ཡིག་ཞིག་གི་ནང་ཉིན་རེར་ཆུ་ཚོད་གཉིས་རེར་འདུག་ནས་ཡར་མི་ལངས་མཁན་དང་བསྡུར་ན་ཉིན་རེར་ཆུ་ཚོད་དྲུག་རེར་འདུག་ནས་ཡར་མི་ལངས་མཁན་གྱི་གཅིན་སྙི་སོགས་དལ་ནད་ན་བའི་ཉེན་ཁ་བརྒྱ་ཆ་ཉེར་དྲུག་ལྷག་ཆེ་བ་བསྟན། དེ་བཞིན་དུ་ཞིབ་འཇུག་གཞན་ལས་ཆུ་ཚོད་དྲུག་རིང་བསྡད་མཁན་རྣམས་ཀྱིས་ཆུ་ཚོད་གཅིག་རིང་ལུས་སྦྱོང་བྱས་ན་གཅིན་སྙི་ནད་དང་། སེམས་ནད། དལ་བའི་མཆིན་ནད། དོན་སྣོད་ནད་རིགས། གཉིད་མི་ཁུག་པའི་ནད་རིགས་སོགས་ཀྱི་ནད་མི་ན་བའི་ཕན་ཐོགས་མངོན་གསལ་ཡོད་པ་བསྟན།
ཅང་སུའུ་ཞིང་ཆེན་ཞིང་ཆེན་རིམ་པའི་ལས་ཁུངས་སྨན་ཁང་གི་གསང་རྒྱུད་ཟགས་གཤེར་ཚན་ཁག་དང་གཅིན་སྙི་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཝེས༢༠༢༤ལོར་དབྱང་ཙེ་དགོང་མོའི་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་ངོ་སྤྲོད་བྱས་པར་གཞིགས་ན། ཡུན་རིང་སྡོད་པའི་མི་མང་ཆེ་བ་བལྟོས་བཅས་ཀྱིས་འགུལ་མེད་ཀྱི་གནས་སྟངས་ཤིག་ཡིན་པ་དང་། ཕྱོགས་གཅིག་ནས་ལུས་ཤུགས་ཀྱི་འགུལ་སྐྱོད་ཉུང་བའི་དབང་གིས་ལུས་ཀྱི་ལྗིད་ཚད་ལས་བརྒལ་བ་དང་ཤ་རྒྱགས་པ་ནི་མ་གཞི་ནས་གཅིན་སྙི་ནད་རྐྱེན་སློང་བྱེད་གཙོ་བོ་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་གཅིན་སྙི་ནད་འབྱུང་རྒྱུ་རྐྱེན་ནི་རྨེན་གཤེར་ཚོར་སྐྱེན་རང་བཞིན་ཇེ་དམའ་རུ་འགྲོ་བ་དང་འབྲེལ་བ་ཡོད་པས་ཡུན་རིང་བསྡད་ནས་འགུལ་སྤྱོད་མ་བྱེད་ན་ལུས་ཀྱི་ཕུང་གྲུབ་འཁོར་སྐྱོད་ལེགས་པོ་མ་ཐུབ་པར་རྒུན་མངར་ལེན་པའི་ནུས་པ་ཇེ་སྡུག་འགྲོ་བ་བརྟེན་གཅིན་སྙི་ན་བའི་ཉེན་ཇེ་ཆེར་འགྲོ་གི་ཡོད་པ་རེད།
གོམས་གཤིས་ལྔ་པ། དམར་ཟས་བཟའ་རྒྱུ་མང་དྲག་པ།
དེང་སང་ཞིབ་འཇུག་མང་པོ་ཞིག་ལས་ནམ་རྒྱུན་དམར་ཟས་རིགས་སམ་ཕག་ཤ་དང་ལུག་ཤ་ནོར་ཤ་སོགས་བཟའ་རྒྱུ་མང་དྲག་ན་གཅིན་སྙི་ན་བའི་ཉེན་ཁ་ཆེ་བ་བསྟན།
༢༠༢༣ལོར་ཧཱ་ཧྥོ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་༼ཨ་རིའི་ནད་ཐོག་སྨན་བཅོས་ཀྱི་འཚོ་བཅུད་དུས་དེབ༽ཐོག་སྤེལ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། གཟའ་འཁོར་རེར་ཤ་དམར་རིགས་གཉིས་ཁོ་ན་ཟ་མཁན་མི་ཚོགས་ནི་ཤ་ཉུང་ཙམ་ཟ་མཁན་མི་ཚོགས་དང་བསྡུར་ན་གཅིན་སྙི་ནད་རིགས་གཉིས་པ་ན་བའི་ཉེན་ཁ་དེ་བས་མཐོ་བ་མ་ཟད། དམར་ཟས་ཇི་ཙམ་ཟོས་ན་ཉེན་ཁ་དེ་ཙམ་ཇེ་ཆེར་འགྲོ་གི་ཡོད་པ་བསྟན།
ཞིབ་འཇུག་དེའི་ནང་ཞུགས་མཁན་འབུམ་གཉིས་ལྷག་ཙམ་ཡོད་པ་དང་དུས་མཚུངས་ཁོང་ཚོས་ལོ་གཉིས་ནས་བཞིའི་མཚམས་སུ་བཟའ་བཅའི་ཐད་ཀྱི་བརྟག་དཔྱད་འདྲི་ཤོག་སྤྱད་དེ་ཞུགས་མཁན་གྱི་བཟའ་བཏུང་གནས་ཚུལ་ལ་དཔྱད་དཔོག་བྱས་པ་དང་དུས་ཡུན་ལོ་སོ་དྲུག་རིང་བརྟག་དཔྱད་བྱས་རྗེས་དེའི་ནང་ཞུགས་མཁན་ཁྲི་གཉིས་དང་ཉིས་སྟོང་ལྷག་ཙམ་ལ་གཅིན་སྙི་ནད་རིགས་གཉིས་པ་ཕོག་ཡོད་པ་རེད།
ཞིབ་འཇུག་མི་སྣས་ད་དུང་སྤྲི་དཀར་གྱི་འབྱུང་ཁུངས་གཞན་ཞིག་གིས་ཉིན་རེར་ཤ་དམར་ཁག་ཅིག་གི་ཚབ་བྱས་ན་མི་མངོན་པའི་ཕན་ཐོགས་ཡོད་པ་དང་། ཤིང་ཏོག་དང་སྲན་རིགས་ཀྱིས་ཟས་རིགས་གཅིག་གི་ཚབ་བྱས་ན་ལུས་ཕུང་ལ་གཅིན་སྙི་གཉིས་པ་ན་བའི་ཉེན་ཁ་བརྒྱ་ཆ་སུམ་ཅུ་ཇེ་དམའ་འགྲོ་ཐུབ་ལ། འོ་མའི་ཐོན་རྫས་ཀྱིས་ཟས་རིགས་གཅིག་གི་ཚབ་བྱས་ན་ལུས་ཕུང་ལ་གཅིན་སྙི་རིགས་གཉིས་པའི་ནད་ཕོག་པའི་ཉེན་ཁ་བརྒྱ་ཆ་ཉེ་གཉིས་ཇེ་དམའ་རུ་འགྲོ་བ་ཤེས་རྟོགས་བྱུང་ཡོད་པ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba