ལི་ཞི་ཧྥུའུ་ཅན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

2025-03-07
204

ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཁོང་གནས་སའི་ཧྥུའུ་ཅན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཁོང་གནས་སའི་ཧྥུའུ་ཅན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས་པ་རེད། ཚོགས་རའི་རྣམ་པ་ཧ་ཅང་བཟང་ལ་སྤྲོ་སེམས་འཁོལ་བ་ཞིག་ཡིན། འཐུས་མི་ལིན་ཧྭ་ཀྲུང་དང་། ལི་ཁྲུན། ཝང་ཧྥེ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་དང་། ལི་ཞིས་ནན་ཏན་གྱིས་ཉན་པ་མ་ཟད་འཐུས་མི་ཚོ་དང་སྤེལ་རེས་གྲོས་བསྡུར་གནང་བ་རེད།

འཐུས་མིའི་གཏམ་བཤད་ལ་ཉན་རྗེས། ལི་ཞི་ཡིས་གསུང་རྒྱུར། ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་བྱ་བའི་སྙན་ཞུར་རྦད་དེ་མོས་མཐུན་བྱེད་ཀྱིན་ཡོད། འདས་ཟིན་པའི་ལོ་གཅིག་ནང་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེ་དང་ནང་ཁུལ་གྱི་དཀའ་ངལ་ཇེ་ཆེར་འགྲོ་བའི་རྙོག་འཛིང་གི་གནས་བབ་ལ་ཁ་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་གཅིག་གྱུར་གྱིས་འཆར་འགོད་དང་བབ་བསྟུན་གྱིས་འགྱུར་ལྡོག་ལ་གདོང་གཏད་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། འདིའི་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་རག་ལས་ཞིང་། ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་དང་ལས་སྒྲུབ། དཀའ་སྤྱད་བཅས་བྱས་པ་ཞིག་རེད། ཧྥུའུ་ཅན་ལ་ཐོབ་པའི་གྲུབ་འབྲས་ནི་ཏག་ཏག་རྒྱལ་ཡོངས་ཀྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད། “གཏན་འཁེལ་གཉིས”ལ་སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་དང་། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་གསར་གཏོད་ཡར་བརྩོན་གྱིས་དུས་རབས་གསར་པ་དང་འགྲུལ་བཞུད་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

ལི་ཞི་ཡིས་བསྟན་དོན། མིག་སྔར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ལ་འཁེལ་ཡོད། ཧྥུའུ་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་གཞག་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་འཛུགས་སྐྲུན་ལམ་སྲོལ་གསོན་པ་དང་། ཐོན་ལས་ལེགས་པ། མང་ཚོགས་ཕྱུག་པ། སྐྱེ་ཁམས་མཛེས་པ་བཅས་ཀྱི་ཧྥུའུ་ཅན་གསར་པའི་དམིགས་འབེན་ལ་ལྷོད་གཡེང་སྤུ་ཙམ་མི་གཏོང་བར། ཐོག་མཐའ་བར་གསུམ་དུ་འཆར་གཞི་གཅིག་བྲིས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་ཤང་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་འགག་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ནས། སྙིང་རུས་གཏན་འཁྱོངས་ཀྱིས་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་ཧྥུའུ་ཅན་གྱི་སྣང་བརྙན་གསར་པ་མངོན་པར་བྱེད་དགོས།

ལི་ཞི་ཡིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྟེ་གནས་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འགན་འཁྲི་ནན་ཏན་གྱིས་བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་སྤྱད་དེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས། ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་། གནད་འཁེལ་ཅན། རྒྱུན་ལྡན་ཅན་བཅས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་དང་། ཏང་ཀྲུང་དབྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། “རྣམ་པ་བཞི”ཡང་དག་པའི་སྒོ་ནས་བེད་སྤྱོད་བྱས་ཏེ། དོ་དམ་ལྟ་སྐུལ་ནན་པོ་དང་འགན་འཁུར་རྒྱུར་སྐུལ་མ་གཏོང་བ་དེ་གཅིག་གྱུར་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་བརྩི་ཁྲིམས་སྲུང་བྱེད་པའི་ཁྲོད་ལས་སྒྲུབ་ལས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱོད་ལམ་རུལ་སུངས་མཉམ་བཤེར་མཉམ་བཅོས་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཆོག་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་སྐྱེ་ཁམས་རྒྱུན་ཆད་མེད་པར་གཙང་སེལ་བྱས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས། མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མུ་མཐུད་དུ་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། “སྦྲང་མ་དང་གྲོག་མའི་རུལ་སུངས”ཐག་གཅོད་མཐའ་གཅིག་ཏུ་སྤེལ་བ་དང་། ཏང་གི་སྲིད་འཛིན་རྨང་གཞི་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། །


  • 顶