
ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཁོང་གནས་སའི་ཡུན་ནན་འཐུས་ཚབ་ཚོགས་པར་ཞུགས་ཏེ་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས5ཉིན་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཁོང་ཡོད་སའི་ཡུན་ནན་འཐུས་ཚབ་ཚོགས་པར་ཕེབས་ནས། འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཧོང་ཁྲུན་ཆིའུ་དང་ལི་ཆིང་ལིན། ཞུང་ཝུན་ལན་སོགས་འཐུས་མིས་སྔ་རྗེས་སུ་གཏམ་བཤད་གནང་བ་དང་། ལི་ཆང་གིས་སྐད་ཆ་བར་ལ་འཚང་ནས་ཚང་མ་དང་སྤེལ་རེས་གནང་བ་རེད།
འཐུས་མིའི་གཏམ་བཤད་ལ་ཉན་རྗེས། ལི་ཆང་གིས་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་གི་རིང་ལ། རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ལ་མཚོན་ནས་བཤད་ན་ཆེས་སྤྱི་བཏང་མིན་པའི་ལོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་འབད་འབུངས་ཡར་བརྩོན་དང་མཁྲེགས་གཏོར་དཀའ་སེལ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་གོམ་སྟབས་བརྟན་པོ་གསར་པ་སྤོས་ཡོད། ཡུན་ནན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཟབ་སྤེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་ལ་བརྩོན་ལེན་བྱེད་པ། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཕྱོགས་ཀྱི་ཁྱབ་འགྱེད་ལྟེ་གནས་འཛུགས་པ་སོགས་ཀྱི་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་མི་ཉུང་བ་ཞིག་བསྐྲུན་ཡོད།
ལི་ཆང་གིས་ནན་གྱིས་བསྟན་དོན། ད་ལོ་ནི"ལོ་ལྔའི་འཆར་གཞི་བཅུ་བཞི་པའི"འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན་པས། རང་རྒྱལ་གྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྗིད་མོ་ཡིན་པ་དང་། ཕྱི་ཕྱོགས་ཁོར་ཡུག་སྔར་ལས་རྙོག་འཛིང་ཆེ་ཞིང་ཛ་དྲག་ཏུ་འགྲོ་བཞིན་ཡོད། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་ཐོན་སྲིད་པའི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་ངེས་པར་དུ་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། བསམ་ཕྱོགས་གསར་འབྱེད་བྱས་ཏེ། འགན་འཁུར་སྔར་ལས་དྲག་པོ་དང་། སྔར་ལས་ཧུར་བརྩོན་གྱི་འགུལ་སྐྱོད་སྤེལ་ནས་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་བྱུང་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱ་དགོས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཡུན་ནན་ལ་གོ་གནས་དང་ནུས་པ་གལ་ཆེན་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ཞིབ་ཕྲ་དོན་འཁྱོལ་ཡག་པོ་བྱས་ཏེ། ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ཚུལ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་བཏང་སྟེ། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་གཏོང་བའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་སྐྲུན་དགོས། ཡུལ་སྐོར་འཛད་སྤྱོད་ཀྱི་རིམ་འཕར་པར་གཞི་བསྐྲུན་ནས་དཔལ་འབྱོར་འཕར་ཚད་གསར་པ་གྲུབ་པར་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་གསར་འབྱེད་དང་།“ལྗང་མདོན་གློག་ཤུགས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས”མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ལྗང་མདོག་ཞིང་ལས་འཕེལ་རྒྱས་གཏོང་དགོས། ལྷོ་ནུབ་ཕྱོགས་སུ་སྒོ་འབྱེད་པའི་ཟམ་སྣེ་ཡི་བཙན་རྫོང་ཇེ་དྲག་ཏུ་གཏོང་བ་དང་། ནང་འདྲེན་དང་ཕྱི་འབྲེལ་གྱི་སྒོ་འབྱེད་ནུས་པ་ཇེ་དྲག་ཏུ་གཏོང་དགོས། གྲོང་གསེབ་དར་རྒྱས་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་སྤོབས་པ་ཆེན་པོས་བསྐྱོད་དེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ནན་མོ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་བཏང་ནས། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་དགོས། །
འཕྲིན་སྟེགས། weikangba