ཞི་ཅིན་ཕིང་གིས་ན་མི་པ་ཡའི་རྒྱལ་འཛུགས་ཙུང་ཐུང་ནོ་ཆའོ་མཱ་སྐུ་གཤེགས་པས་ན་མི་པ་ཡའི་ཙུང་ཐུང་མུའུ་པེན་པཱ་ལ་མྱ་ངན་གློག་འཕྲིན་སྤྲིངས།

2025-02-12
434

  ཟླ་བ་གཉིས་པའི་ཚེས་བཅུ་ཉིན། ན་མི་པ་ཡའི་རྒྱལ་འཛུགས་ཙུང་ཐུང་ནོ་ཆའོ་མ་སྐུ་གཤེགས་པས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་མི་པ་ཡའི་ཙུང་ཐུང་མུའུ་པེན་པཱ་ལ་མྱན་ཞུ་གློག་འཕྲིན་སྤྲིངས་ནས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་གདུང་སེམས་ཆེན་པོ་ཞུས་པར་མ་ཟད། ལས་ཐོག་སྔོན་མའི་ཙུང་ཐུང་ནོ་ཆའོ་མ་ཡི་ཁྱིམ་མི་དང་ན་མི་པ་ཡ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས། ལས་ཐོག་སྔོན་མའི་ཙུང་ཐུང་ནོ་ཆའོ་མ་ནི་ཧྥེ་གླིང་གི་ཆབ་སྲིད་པ་དང་གསར་བརྗེ་རྒན་རབས་པ་ཡིན་ལ། སྔོན་ཆད་ན་མི་པ་ཡའི་མི་དམངས་ལ་དབུ་ཁྲིད་ནས་མི་རིགས་རང་བཙན་བཅིངས་གྲོལ་བརྩོན་ལེན་གནང་ཞིང་། རྒྱལ་ཁབ་ཉིད་ཀྱི་གནས་ཚུལ་དང་འཚམས་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པར། ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་ཡོད། ཁོང་སྐུ་བཞུགས་དུས་ཀྲུང་གོའི་བར་ཀྲུང་གོ་དང་ན་མི་པ་ཡའི་སྲོལ་རྒྱུན་མཛའ་བརྩེ་བརྟན་པོ་དང་ཀྲུང་གོ་དང་ཧྥེ་གླིང་བར་གྱི་མཛའ་མཐུན་མཉམ་ལས་སྤེལ་ལ་བརྩོན་ལེན་ཚད་མེད་གནང་ཡོད། ཁོང་སྐུ་གཤེགས་པ་ནི་ན་མི་པ་ཡའི་མི་དམངས་ཀྱི་གྱོང་གུད་ཆེན་པོ་ཡིན་ལ། ཀྲུང་གོ་མི་དམངས་ལ་གྲོགས་པོ་བཟང་པོ་ཞིག་མེད་པར་གྱུར་ཡོད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་དང་ན་མི་པ་ཡའི་སྲོལ་རྒྱུན་མཛའ་བརྩེ་གཅེས་སྐྱོང་དང་། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ན་མི་པ་ཡའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ལ་ངེས་པར་དུ་འཕེལ་རྒྱས་སྔར་ལས་ཆེན་པོ་གཏོང་བའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།


  • 顶