ཕྱོགས་སོ་སོས་འབད་པ་ལྷོད་མེད་བྱེད་དེ། སི་ཁྲོན་དབྱི་པིང་ཅུན་ལེན་རྫོང་གི་རི་ཉིལ་བའི་འཚོལ་སྐྱོབ་དང་བདེ་འགོད་ལས་ཀ་མུ་མཐུད་དུ་སྤེལ་བཞིན་ཡོད། ཚེས་བཅུ་ཉིན། འཚོལ་སྐྱོབ་ལས་ཀ་མུ་མཐུད་དུ་སྤེལ། ཡུལ་དངོས་སུ་འཚོལ་སྐྱོབ་ཁྱི་དང་མི་མེད་གནམ་གྲུ། ཚེ་སྲོག་འཚོལ་ཞིབ་འཕྲུལ་ཆས། བཟོ་སྐྲུན་འཕྲུལ་ཆས་བཅས་ཟུང་འབྲེལ་དམ་པོ་བྱེད་ནས། རི་ཉིལ་བྱུང་སའི་འདབས་ཀྱི་དྲ་མིག་ས་ཁོངས་བཅུ་གཅིག་ལ་ཕྱོགས་ཡོངས་ནས་འཚོལ་སྐྱོབ་ལས་ཀ་སྤེལ། གནས་སྤོ་བདེ་འགོད་ལས་ཀ་ཡང་གོ་རིམ་དང་ལྡན་པའི་སྒོས་སྤེལ་བཞིན་ཡོད། ས་གནས་དེ་གས་བསྡོམས་པས་མང་ཚོགས་སུམ་བརྒྱ་དྲུག་ཅུ་གནས་དེ་ནས་སྤོས་པ་དང་། རང་གི་གཉེན་ཉེ་ལ་བརྟེན་དུ་འགྲོ་མཁན་ཕུད་རྗེས། མི་བརྒྱ་དང་བཅུ་དྲུག་ཅུན་ལེན་གྱི་སློབ་འབྲིང་གཉིས་པར་བདེ་འགོད་བྱས་ཡོད། ས་གནས་དེ་གས་དུད་ཁག་ལྟར་སྡོད་གནས་བགོས་ལ། དེ་མིན་སློབ་གྲྭའི་ཟ་ཁང་མཁོ་འདོན་བྱས་ཏེ་མང་ཚོགས་ཀྱིས་ཟ་མ་ཟ་བར་སྟབས་བདེ་བསྐྲུན། སྨན་བཅོས་མི་སྣས་བདེ་འགོད་ས་གནས་ཀྱི་མང་ཚོགས་ལ་བདེ་ཐང་བརྟག་དཔྱད་དང་སེམས་གསོ་བྱས།
མིག་སྔར། ཕྱོགས་སོ་སོས་འབད་པ་བརྒྱུད། འཚོལ་སྐྱོབ་ཡུལ་དངོས་སུ་གློག་ནུས་མཁོ་འདོན་དང་བརྡ་འཕྲིན་དྲ་བ་སོགས་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཡོད། ཚེས་བཅུ་ཉིན། ཁྲེང་ཏུའུ་གྲོང་བསྐོར་དང་ཁྲེང་ཡག ཁྲེང་རེན་སོགས་མྱུར་བགྲོད་གཞུང་ལམ་ཐོག་བབ་བསྟུན་མྱུར་སྐྱོར་ཐད་ཀྱི་འབག་མེད་བགྲོད་ལམ་ཉིས་བརྒྱ་ཞེ་བདུན་བཀོད་སྒྲིག་བྱས། ཉེན་འགོག་འགན་བཅོལ་ལས་ཁུངས་ཁག་གིས་གཟའ་འཁོར་གཅིག་གི་དུས་ཚོད་ཉེར་བཞིའི་རིང་གསབ་འཇུག་འབག་མེད་ལམ་བུ་མཁོ་འདོན་བྱས་ནས། གསབ་འཇུག་རྒྱུ་ཆ་དང་བདེན་དཔང་སྒྲུབ་རིམ་སོགས་སྟབས་བདེར་བཏང་། ཁ་སང་ཉིན་གུང་གི་བར། ཉེན་འགོག་འགན་སྲུང་གསབ་འཇུག་གཉིས་རྩིས་སྤྲོད་བྱས་ཡོད། ས་གནས་དེ་གའི་དངུལ་ཁང་གིས་རྒུད་སྐྱོབ་ཆེད་དོན་སྐྱི་དངུལ་ཁག་དང་པོ་སྒོར་བྱེ་བ་གཅིག་བཏང་ནས། ཉེན་འགོག་རྒུད་སྐྱོབ་ལ་རྒྱབ་སྐྱོར་བྱས་པ་རེད།
ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
འཕྲིན་སྟེགས། weikangba