ལིའུ་གོ་ཀྲུང་སི་ཁྲོན་དབྱི་པིན་གྱི་རི་ཉིལ་སར་ཕེབས་ནས་ཡུལ་དངོས་སུ་འཚོལ་ཞིབ་བཀོད་སྒྲིག་ལས་དོན་ལ་མཛུབ་སྟོན་གནང་།

2025-02-11
355

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་བླང་བྱང་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་། ཚེས་བརྒྱད་ཉིན་གྱི་མཚན་མོར་སི་ཁྲོན་དབྱི་པིན་གྲོང་ཁྱེར་གྱི་རི་ཉིལ་སར་ཕེབས་ནས་འཚོལ་ཞིབ་དང་བབ་བསྟུན་བཀོད་སྒྲིག་ལས་དོན་ལ་མཛུབ་སྟོན་གནང་།  ལིའུ་གོ་ཀྲུང་ས་གནས་དེ་གར་འབྱོར་རྗེས་ཅུན་ལན་རྫོང་ཡུའུ་ཨེར་གྲོང་རྡལ་ཅིན་ཕིང་གྲོང་སྡེའི་མྱུར་སྐྱོབ་བྱེད་སར་ཕེབས་ནས། གནོད་འཚེ་བྱུང་ཚུལ་ལ་གཟིགས་ཞིབ་གནང་ཞིང་། རོགས་སྐྱོབ་བྱེད་ཚུལ་དང་རྗེས་མཐུད་བཀོད་སྒྲིག་ལ་རྒྱུས་ལོན་མཛད། དེའི་རྗེས་ལ་གནས་སྐབས་བདེ་བཀོད་གནས་སུ་ཕེབས་ནས། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་དང་། གནས་སྤོ་ཉེན་གཡོལ་དང་། འཚོ་བའི་འགན་སྲུང་སོགས་གནས་ཚུལ་ལ་གཟིགས་ཞིབ་གནང་། ཚེས་དགུ་ཉིན་གྱི་སྐྱ་རེངས་ལ་ལིའུ་གོ་ཀྲུང་གིས་གྲོས་ཚོགས་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཙུང་ལི་ལི་ཆང་གི་བླང་བྱ་བརྒྱུད་སྒྲོག་དང་ལག་བསྟར་བྱེད་དགོས་ཚུལ་གནང་ཐོག རྗེས་མའི་མྱུར་སེལ་རྒུད་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་སྟེ། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་བྱེད་བཞིན་ཡོད་ལ། གནོད་འཚེ་བྱུང་བ་གོ་རྗེས་དེ་མ་ཐག་ཏུ་མཛུབ་སྟོན་གལ་ཆེན་གནང་སྟེ། འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་དང་། རྗེས་འཇུག་ལས་དོན་ཡག་མོ་སྒྲུབ་པ། ཞོར་བྱུང་གནོད་འཚེ་སྔོན་འགོག མངོན་མེད་རྐྱེན་ངན་ཞིབ་བཤེར་སོགས་ལས་དོན་ལ་བཀོད་སྒྲིག་གནང་ཡོད། ཙུང་ལི་ལི་ཆང་གིས་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ཡག་མོ་སྒྲུབ་པར་བཀོད་སྒྲིག་གནང་ཞིང་། སི་ཁྲོན་ཞིང་ཆེན་དང་འབྲེལ་ཡོད་ཕྱོགས་ཁག་གིས་ལས་སྒྲུབ་བྱེད་ཐབས་ཁག་ཞིབ་ཕྲ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་དགོས་ཞེས་ནན་གསུང་གནང་།

  ལིའུ་གོ་ཀྲུང་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པར་རྒྱུན་འཁྱོངས་བྱས་ནས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་གང་ལེགས་བྱ་དགོས། ཚན་རིག་དང་མཐུན་པས་རོགས་སྐྱོབ་བྱས་ནས་རོགས་སྐྱོབ་བདེ་འཇགས་ཡོང་བར་བྱ་དགོས། འབྲེལ་བ་ཆད་པའི་མི་སྣ་ཞིབ་བཤེར་གཏན་འབེབས་ཐད་ཀར་བྱེད་དེ་དུད་ཁ་གཅིག་ཀྱང་མི་ལྷག་པ་དང་མི་གཅིག་ཀྱང་མི་ལུས་པར་བྱ་དགོས། ཉེ་འགྲམ་གྱི་ས་གཤིས་གནོད་སྐྱོན་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་། གནོད་པ་ཐེབས་སྲིད་པའི་མང་ཚོགས་མགྱོགས་པོར་སྤོ་དགོས། རྐྱེན་ངན་དུ་ཤོར་བའི་མི་སྣ་དང་འབྲེལ་བ་ཆད་པའི་མི་སྣའི་ཁྱིམ་མི་ལ་སེམས་གསོ་ཡག་མོ་བྱེད་དགོས་པ་དང་། གནས་སྤོ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྨན་བཅོས་ཞབས་ཞུ་ཡག་མོ་སྒྲུབ་དགོས། རྗེས་འཇུག་ལས་དོན་ཡག་མོ་དང་ཞིབ་མོ་སྒྲུབ་དགོས། ས་གནས་ཁག་གིས་གནོད་སྐྱོན་གྱི་མངོན་མེད་རྐྱེན་ངན་རིགས་སོ་སོ་ལ་ཞིབ་བཤེར་དང་དག་ཐེར་བྱེད་པ་དང་། གནོད་སྐྱོན་ཆེན་པོ་དང་ཚབས་ཆེན་མི་འབྱུང་བར་བྱ་དགོས་ཞེས་གསུངས་པ་རེད།

  ཚེས་དགུ་ཉིན་གྱི་སྔ་མོར་ལིའུ་གོ་ཀྲུང་གིས་ཅུན་ལན་རྫོང་མི་དམངས་སྨན་ཁང་དུ་རྨས་པའི་མང་ཚོགས་ལ་འཚམས་འདྲི་ཞུས་ཏེ། ཁོང་གིས་སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཅིག་གྱུར་འཆར་འགོད་དང་། མི་རེ་ལ་བཅོས་ཐབས་རེ་ལག་བསྟར་བྱ་དགོས། གནོད་ཐེབས་མང་ཚོགས་སྨན་བཅོས་ཞིབ་ཚགས་བྱེད་དེ། མི་སྣ་ཤི་རྨས་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།


  • 顶