ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་བྱས་རྗེས་དེ་བས་ཆེན་པོ་འདོན་དགོས་པ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ལ་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་དགའ་བསུ་ཆེན་པོ་ཐོབ།

2025-02-11
209

  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་བྱས་རྗེས་དེ་བས་ཆེན་པོ་འདོན་དགོས་པ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ལ་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་དགའ་བསུ་ཆེན་པོ་ཐོབ།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལས་ཀའི་སྙན་ཞུ་ལ་གསན་དུས། ཅི་ལིང་གིས་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་ཡང་དག་བྱེད་ཅིང་།འབད་པ་ཆེན་པོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་ནང་ཞུགས་བྱས་ཏེ། ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་། གོ་སྐབས་དམ་འཛིན་དང་འཕེལ་འགྲོས་ལ་བསྟུན་ཞིང་། གསར་གཏོད་བྱེད་ཕོད་པ་དང་དཀའ་སྤྱད་སྡུག་རུས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་སྔར་ལས་བྱས་རྗེས་ཆེན་པོ་འདོན་དགོས་པའི་ནན་གསུང་གནང་ཡོད་པས། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་རྩ་བའི་བསྲུང་བྱ་བྱས་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ཞིབ་ཚགས་དང་། ཡར་བརྩོན་ཆེན་པོས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུ་ཡིན་ཞེས་བཤད་ཀྱིན་ཡོད་པ་རེད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་ཚད་མཐོན་པོའི་འཕེལ་རྒྱམས་ནི་གསར་གཏོད་སྒུལ་ནུས་དང་ཐོན་ལས་འདེགས་རྟེན་ལ་ཁ་བྲལ་ཐབས་མེད། དངོས་གཉེར་དཔལ་འབྱོར་གྱི་རྩ་བ་འདི་བརྟན་སྲུང་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་ལུགས་སྒྱུར་དང་ཁྱད་ནུས་ཐོན་ལས་ཇེ་སྟོབས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བཅས་ལ་གཅིག་འགྱུར་འཆར་འགོད་བྱས་ནས། ཅི་ལིང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས་ཞེས་གསུངས། ཁྲང་ཁྲོན་སྤེལ་ཁུལ་གསར་པ་ནས། སྒྲིག་ཆས་བཟོ་བསྐྲུན་དང་གསོ་རིག་བདེ་ཐང་། འོད་གློག་ཆ་འཕྲིན་སོགས་ཐོན་ལས་ཀྱི་ཁྱད་ནུས་ལ་བརྟེན་ནས། ཚན་རྩལ་གྲུབ་འབྲས་གལ་ཆེན་སྐོར་ཞིག་དོན་འཁྱོལ་བརྗེ་སྒྱུར་བྱས་ཡོད། ད་ལོར། ཁྲང་ཁྲོན་སྤེལ་ཁུལ་གསར་པས་སློབ་གྲྭ་དང་ས་གནས་མཉམ་ལས་ཆེད་སྦྱོང་འཛིན་གྲྭ་བཙུགས་ནས། མཐོ་རིམ་སློབ་གླིང་གི་གསར་གཏོད་ཐོན་ཁུངས་བེད་སྤྱོད་ཡག་པོ་བཏང་སྟེ། ཐོན་ལས་མ་ལག་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྐྲུན་བཞིན་ཡོད།ཁྲང་ཁྲུན་སྤེལ་ཁུལ་གསར་པའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཝེན་རན་གྱིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་བཅོལ་སེམས་སུ་དམ་པོར་འཛིན་པ་དང་། དངོས་གཉེར་དཔལ་འབྱོར་གྱི་རྩ་བ་ཇེ་བརྟན་གཏོང་གང་ཐུབ་བྱེད་པ། དགེ་མཚན་ལྡན་པའི་ཐོན་ལས་ལ་གཞིགས་ནས་ང་ཚོས་རོགས་སྐྱོར་ནུས་ཤུགས་ཇེ་ཆེར་གཏོང་བ། ཆུ་ཚད་མཐོ་བའི་གསར་གཏོད་སྟེགས་བུ་འཛུགས་པ། ཚན་རྩལ་གྲུབ་འབྲས་དེ་དངོས་ཡོད་ཐོན་སྐྱེད་ནུས་པར་བསྒྱུར་པ་ཇེ་མགྱོགས། རྒྱལ་སྤྱིའི་འགྲན་རྩོད་ལྡན་པའི་ཐོན་ལས་ཁྱུ་ཚོགས་བཙུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་ཁྲོད་བྱས་རྗེས་དེ་ལས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་བཤད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྐྱེ་ཁམས་ཁོར་ཡུག་གཅིག་གྱུར་སྲུང་སྐྱོབ་དང་འབག་མེད་ཐཱན་ཉུང་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས། གངས་འཁྱག་དང་རང་བྱུང་མཛེས་ལྗོངས།  མི་རིགས་གོམས་སྲོལ་སོགས་ཁྱད་ཆོས་ལྡན་པའི་ཐོན་ཁོངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་དགོས་ཞེས་ནན་གྱིས་གསུངས། ཅི་ལིན་གྱི་གངས་འཁྱག་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཁ་བ་འབབ་པའི་དུས་ཚིགས་འདིར། ས་གནས་ཁག་གིས་གངས་འཁྱག་གི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་རྣམ་པ་གསར་གཏོད་བྱས་ནས། ཁྱད་ཆོས་ལྡན་པའི་གངས་འཁྱག་བྱེད་སྒོ་ཉིས་བརྒྱ་ཙམ་དང་མང་ཚོགས་ཀྱི་བྱ་འགུལ་རིགས་མང་རྩ་འཛུགས་བྱས་ནས་ལུས་རྩལ་བྱེད་སྒོ་སུམ་བརྒྱ་ལྷག་སྤེལ།

  ཅི་ལིན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐིང་གི་འགོ་འཛིན་སུན་ཀོང་ཀྲི་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཡང་བསྐྱར་ཡུལ་སྐོར་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་བྱུང་བས། ང་ཚོར་སེམས་ཤུགས་ཆེན་པོ་བསྩལ་བྱུང་། ང་ཚོས་འབད་པ་ཡོད་དགུ་བཏོན་ནས་གྲང་སའི་གངས་འཁྱག་དཔལ་འབྱོར་འཕེལ་རྒྱས་གཏོང་གང་ཐུབ་བྱེད་ཅིང་། རི་སྔོན་པོ་དང་ཆུ་དྭངས་མོ། གངས་དང་དར་འཁྱག་གསེར་རི་དངུལ་རིར་བསྒྱུར་བ་དང་། རིག་གནས་སྟོབས་ལྡན་ཞིང་ཆེན་དང་ཡུལ་སྐོར་སྟོབས་ལྡན་ཞིང་ཆེན། གངས་འཁྱག་སྟོབས་ལྡན་ཞིང་ཆེན་འཛུགས་བསྐྲུན་ཏེ། སྤུས་མཐོའི་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་བཤད།

  ཅི་ལིན་ནི་ཞིང་ལས་འཕེལ་རྒྱས་ཆེ་བའི་ཞིང་ཆེན་དང་འབྲུ་རིགས་ཕུན་སུམ་ཚོགས་པའི་ཞིང་ཆེན་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཅི་ལིན་གྱིས་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་གཏོང་བ་གཙོར་བྱས་ནས། གཅིག་གྱུར་སྒོས་ཚན་རྩལ་ཞིང་ལས་དང་འབག་མེད་ཞིང་ལས། སྤུས་དག་ཞིང་ལས། ཚོང་རྟགས་ཞིང་ལས་འཕེལ་རྒྱས་གཏོང་དགོས་ཞེས་གསུངས། མིག་སྔར། རྒྱ་ཆེ་བའི་ས་གཞི་གཤིན་པོའི་ཐོག་ཏུ་དུས་ཚིགས་གསར་པའི་རྨོ་འདེབས་འགོ་བརྩམ་པ་རེད། ལི་ཧྲུའུ་རྫོང་དུ། ཞིང་ལས་ལག་རྩལ་བ་ཚོས་ས་གཤིས་བརྟག་དཔྱད་ལ་བྲེལ་ཞིང་།ཞིང་ས་སྲུང་སྐྱོབ་རང་བཞིན་གྱི་རྨོང་འདེབས་བྱེད་པར་ལག་རྩལ་མཁོ་འདོན་བྱེད་བཞིན་ཡོད།

  ཅི་ལིན་ཞིང་ཆེན་ལི་ཧྲུའུ་རྫོང་ཞིང་ལས་དང་ཞིང་སྡེ་ཅུས་ཀྱི་འགོ་འཛིན་ཀྲང་དབྱིན་ནན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཡིས། ཞིང་ལས་སྟོབས་ལྡན་དང་ཞིང་པར་གཟིགས་སྐྱོང་རྒྱབ་སྐྱོར་ལམ་ལུགས་འཐུས་ཚང་གཏོང་དགོས་ཞེས་ནན་གསུངས་གནང་བྱུང་། ང་ཚོས་ཞིང་ལས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་དམ་འཛིན་བྱེད་པ། འབྲུ་རིགས་ལས་ཞིང་ཐོན་དང་ཤ་རིགས་ལས་འབྲོག་ཐོན། ཞིང་ལས་ལས་བཟོ་རྫས་སྤེལ་བའི་བྱ་ལས་ལེགས་པར་སྤེལ་ཞིང་། ཞིང་ལས་དར་རྒྱས་དང་རྫོང་ཁག་སྟོབས་ལྡན། མི་དམངས་ཕྱུག་འགྱུར་གཞི་གཅིག་ཏུ་འབྲེལ་བའི་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།

  ཅི་ལིན་ཞིང་ཆེན་ལི་ཧྲུའུ་རྫོང་ལི་ཧྲུའུ་གྲོང་རྡལ་གྱི་པ་ལི་མིའོ་གྲོང་ཚོའི་འབྲུ་རིགས་འདེབས་འཛུགས་དུད་ཚང་ཆེན་པོ་ལུའུ་ཝེ་ཡིས། ཉིས་སྟོང་ཉི་ཤུ་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་མཉམ་ལས་ཁང་དུ་ཕེབས་སྐབས། ཞིང་ལས་ཚོང་གཉེར་མཁན་གསར་བར་ཧུར་ཐག་གིས་རོགས་འདེགས་བྱེད་དགོས་ཞེས་གསུངས་ཡོད། ད་ལྟ་ང་ཚོའི་མཉམ་ལས་ཁང་གིས་ཐོན་ལས་མ་ལག་ཡོངས་ཀྱི་ཞབས་ཞུའི་བྱེད་ཐབས་སྤྱད་ནས། ས་ཞིང་སྤྱི་ཆིང་རེར་སྒོར་ཆིག་སྟོང་ལྔ་བརྒྱ་ཙམ་བསྲིས་བསྲིས་བྱས་ཡོད་པ་དང་། འདིའི་འཕྲོ་ནས་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་ཁ་ཕྱོགས་གཙོ་བོར་བཟུང་ནས། ང་ཚོས་ལོ་ཏོག་ཡག་པོ་འདེབས་པ་དང་། འབྲུ་རིགས་མང་པོ་བརྔ་བསྡུ་བྱས་ཏེ། ཚང་མའི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་ཡོང་བར་བྱེད་དགོས་ཞེས་བཤད།

  ཅི་ལིན་ནི་མི་རིགས་མང་པོ་མཉམ་འདུས་ཀྱི་ས་ཁུལ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་འཛུགས་སྐྱོང་ཐད་ཤུགས་འདོན་པ་དང་། མི་རིགས་ཁག་བར་གྱི་སྤེལ་རེས་འགྲོ་འོང་ལ་ཤུགས་བཏོན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་ཞེས་གསུངས་ཡོད། ཡན་ཅི་གྲོང་ཁྱེར་ཏན་དབྱིན་སྡེ་ཁུལ་ནས། སྡོད་དམངས་ཚོས་གླུ་གར་འཁྲབ་སྦྱོང་བྱེད་དེ། ལྒང་ཞུའི་དུས་ཆེན་གྱི་འཁྲབ་སྟོན་ལ་གྲ་སྒྲིག་བྱེད་བཞིན་ཡོད། ཏན་དབྱིན་སྡེ་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས་བརྒྱ་ཆའི་རེ་གཉིས་ཟིན་ཡོད། རྒྱུན་དུ་ཁྱིམ་མཚེས་དུས་ཆེན་དང་རོལ་དབྱངས་སྤྲོ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་དགའ་དགའ་སྤྲོ་སྤྲོའི་ངང་མཉམ་དུ་འཛོམས་པ་རེད།

  ཅི་ལིན་ཞིང་ཆེན་ཡན་ཅི་ གྲོང་ཁྱེར་པེ་ཧྲན་སྲང་ལམ་ཏན་དབྱིན་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཧྲུའུ་ཆིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས། ང་ཚོས་དུས་རབས་གསར་བའི་མཐའ་མཚམས་ས་ཁུལ་གྱི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་བྱུང་། ང་ཚོས་མཐུན་སྒྲིལ་དམ་པོས་མངའ་ཁོངས་དེའི་མི་རིགས་ཁག་གི་སྡོད་དམངས་སྣེ་ཁྲིད་ནས། སེ་འབྲུ་དང་འདྲ་བར་མཐུན་སྒྲིལ་ཇེ་དམ་དང་། དམངས་འཚོར་ཕན་པ་བསྐྲུན་པ་དང་། དམངས་སེམས་ལ་དྲོད་ཁོལ་སྟེར་བ། མི་དམངས་ཀྱི་སེམས་འདུན་དང་བསྟུན་པའི་ལས་ཀ་ཡག་པོ་བསྒྲུབས་ཏེ། གཞི་རིམ་བཅོས་སྐྱོང་ཐད་ཤུགས་འདོན་ཞིང་གསར་གཏོད་བྱེད་པ་དང་། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།  སྔར་ལས་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ་ནི་བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་གལ་འགངས་ཧ་ཅང་ཆེ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འགལ་བ་ཟབ་མོ་ཐག་གཅོད་དང་ལམ་ལུགས་ནང་རྐྱེན་བཀག་སྡོམ་སེལ་བར་ཤུགས་འདོན་དགོས་ཟེར། ལོ་གསར་པའི་ནང་། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་མོ་བྱེད་པ་ནས། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་སྐྱེད་བྱེད་པའི་བར། ལས་ཁུངས་སོ་སོས་འགན་ཡག་པོ་ཁུར་བ་དང་ལས་ཀར་དམ་འཛིན་བྱས་ནས། སྤུས་མཐོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མུ་མཐུད་དུ་གསར་གཏོད་བྱེད་བཞིན་ཡོད།

  ཅི་ལིན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཞིན་གྱིས། དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་དང་གསོ་སྤེལ་བྱེད་པའི་ཐད། ང་ཚོ་རྒྱལ་དབང་ཁེ་ལས་ཀྱིས་ཀྱང་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། ཟབ་སྤེལ་དང་མཐོར་འདེགས་བཏང་ནས་ད་ཡོད་གསོག་ཚད་ལེགས་བཅོས་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཟུང་འབྲེལ་ཡག་པོ་བྱེད་པ། རྒྱུན་ཆད་མེད་པར་འཕར་ཚད་ཇེ་མང་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་འཆར་འགོད་བྱས་པའི་རླབས་ཆེན་ཇུས་གཞི་དེ་ཅི་ལིན་ཞིང་ཆེན་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་དོན་དངོས་སུ་བསྒྱུར་རྒྱུ་ཡིན་ཞེས་པ་བཤད་པ་རེད།

ཅི་ལིན་ཞིང་ཆེན་ཚོང་དོན་ཐིང་གི་འགོ་འཛིན་ལི་ཧུང་ལིའང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་ལ་མཉན་རྗེས། སྐུལ་ལྕག་ཟབ་མོ་ཐེབས་ལ་ངར་ཤུགས་ཇེ་ཆེར་སོང་ཡོད། ཚོང་དོན་ཐིང་ནི་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་འཇོག་བརྟན་པོ་གཉེར་མཁན་ཡིན་པས། ང་ཚོས་རྒྱལ་སྤྱིའི་ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་དང་མཉམ་ལས་ཟབ་མོ་བྱས་ནས། སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་གྱི་སྣེ་ཁྲིད་མཁན་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

  ཅི་ལིན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཀྲི་ཞིན་གྱིས། ང་ཚོས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཡི་མཛུབ་སྟོན་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནོད་པའི་དཀའ་ཁག་དང་བཀག་རྒྱ་ལ་དམིགས་ནས། དོན་གཉེར་ནུས་ལྡན་གྱི་བཅོས་བསྒྱུར་ཇུས་གཞི་དང་ལས་ཀ་སྒྲུབ་ཐབས་གཏན་འཁེལ་དང་། བྱང་ཤར་ས་ཁུལ་དང་ཞིང་ཆེན་གཞན་པའི་མཐུན་སྦྱོར་མཉམ་འབྲེལ་ལ་ཤུགས་བརྒྱབ་ནས། ས་ཁོངས་མཉམ་འདྲེས་འཕེལ་རྒྱས་ཀྱི་བཀོད་པ་འཛུགས་སྐྱོང་བྱེད་ཅིང་།བྱང་ཤར་ས་ཁུལ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་གྲུབ་འབྲས་གསར་པ་ལོན་པར་འབད་པ་ཆེན་པོ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།


  • 顶