ལི་ཆང་གིས་ཝུན་ལའེ་ཡི་སུའུ་ཏན་ཧ་སང་ན་ཨེར་ལ་ཐུག་འཕྲད་གནང་བ།

2025-02-08
486

ཟླ2པའི་ཚེས6ཉིན་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུན་ལའེ་ཡི་སུའུ་ཏན་ཧ་སང་ན་ཨེར་ལ་ཐུག་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས6ཉིན་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུན་ལའེ་ཡི་སུའུ་ཏན་ཧ་སང་ན་ཨེར་ལ་ཐུག་འཕྲད་གནང་བ་རེད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཝུན་ལའེ་ནི་རྒྱ་མཚོས་བཅད་ཅིང་ཕན་ཚུན་ཁ་གཏད་པའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག རྒྱ་ཡིག་གི་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་བཏང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་བརྟན་རླིང་ངང་རྒྱ་ཆེར་ཕྱིན་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་ཡོད། དེ་རིང་སྔ་དྲོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའུ་ཏན་གྱི་མཆོག་དང་གྲོས་མོལ་བྱས་ནས། རྒྱ་ཡིག་གི་ལས་དབང་ཐུན་མོང་ཚོགས་པ་འཛུགས་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་གསར་པ་ཞིག་ཏུ་བསྐྱོད་ནས་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་བསུ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཝུན་ལའེ་དེ་མཐའ་འཁོར་གྱི་ཁྱིམ་མཚེས་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བའི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བརྩིས་ཤིང་། ཝུན་ལའེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་དང་། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཝུན་ལའེ་ཕྱོགས་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་མུ་མཐུད་དུ་མིང་རྟགས་འགོད་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཆ་འཕྲིན་ཐོན་ལས་དང་ཚན་རྩལ་གསར་གཏོད། ལྗང་མདོག་འཕེལ་རྒྱས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་ཐུན་མོང་ཐོག་གསོ་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུན་ལའེ་ཕྱོགས་ཀྱི་སྤུས་ལེགས་ཞིང་ཆུ་ཐོན་རྫས་དེ་བས་མང་པོ་ནང་འདྲེན་བྱེད་འདོད་ཡོད་པ་དང་། ཆ་རྐྱེན་ཡོད་པའི་ཀྲུང་གོའི་ཁེ་ལས་ཝུན་ལའེ་རུ་མ་འཇོག་བྱ་རྒྱུར་སྐུལ་མ་གཏོང་གིན་ཡོད་པ་མ་ཟད། ཝུན་ལའེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ལ་རྒྱབ་སྐྱོར་དང་སྟབས་བདེ་དེ་བས་མང་པོ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་རིག་གནས་ཡུལ་སྐོར་དང་། སློབ་གསོ། གཞོན་ནུ། ལུས་རྩལ། ས་གནས་སོགས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་དམངས་ཕན་ཚུན་ཤེས་རྟོགས་དང་འབྲེལ་འདྲིས་རྒྱུན་མཐུད་དང་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མཐུན་སྒྲིལ་དང་འཐབ་ཇུས་རང་བདག་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་དང་། ཝུན་ལའེ་ཚུད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་མཉམ་དུ་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལས་དབང་ཐུན་མོང་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཧ་སང་ན་ཨེར་གྱིས་བསྟན་དོན། ཝུན་ལའེ་དང་ཀྲུང་གོ་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ཡོད། ཝུན་ལའེ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་ཧ་ཅང་གཅེས་འཛིན་བྱེད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ལག་བསྟར་བྱེད་བཞིན་ཡོད་ལ། ཀྲུང་གོ་ནི་མཉམ་ལས་རོགས་ཟླ་གལ་ཆེན་དུ་བརྩིས་ཏེ། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས། ཞིང་ལས། གྲངས་འཛིན་དཔལ་འབྱོར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། ཝུན་ལའེ་དང་ཀོང་ཞིའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ཐོག་ཝུན་ལའེ་དང་ཀྲུང་གོའི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད། ཝུན་ལའེ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་སྒྲོམ་གཞིའི་ནང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་འབྲེལ་མཐུད་དང་དམངས་སེམས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད། ཝུན་ལའེ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་ཁྲོད་འདོན་སྤེལ་བྱས་པའི་ནུས་པ་གལ་ཆེན་ལ་བསྔགས་བརྗོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོ《ཞི་བདེ་རྒྱ་མཚོ་ལས་བརྒལ་བའི་ཕྱོགས་ཡོངས་དང་ཡར་ཐོན་གྱི་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས་ཡོད། །


  • 顶