
ཟླ2པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་དང་གྲོས་མོལ་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས5ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་དང་གྲོས་མོལ་གནང་།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་ས་ཁམས་འདྲ་མཚུངས་དང་རིག་གནས་འབྲེལ་འདྲིས་ཡོད་པས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་བྱེད་པར་སྟབས་བདེའི་ཆ་རྐྱེན་ལྡན། ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་། ཀྲུང་གོ་དང་ཧན་གོའི་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་གྲུབ་འབྲས་ལེགས་པོ་ཐོབ་པ་དེས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྦྱིན་པ་མ་ཟད། ས་ཁུལ་བརྟན་ལྷིང་དང་འཕེལ་རྒྱས་ལ་ཡང་སྐུལ་འདེད་བཏང་ཡོད། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་འཛུགས་པའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། མཛའ་མཐུན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཕན་ཚུན་ཡིད་ཆེས་བྱེད་པའི་ཁྱིམ་མཚེས་དང་ཕན་ཚུན་གྲུབ་འབྲས་ཐོབ་པའི་རོགས་ཟླ་བརྟན་པོ་བྱེད་པ། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་འགལ་རྐྱེན་སེལ་ནས་ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་ལྷིང་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཧན་གོའི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གོ་གནས་གལ་ཆེན་དུ་བཞག་ནས་ཧན་གོའི་སྲིད་ཇུས་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་སྡེ་ཁག་དང་སྲིད་ཏང་དབར་གྱི་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ནས། ཕན་ཚུན་བར་གྱི་བསམ་ཤེས་དང་ཡིད་ཆེས་ཇེ་ཟབ་ཏུ་གཏོང་འདོད་ཡོད། དངོས་བརྩོན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་སྐྱེད་དང་མཁོ་སྤྲོད་འབྲེལ་ཐག་མཉམ་ལས་དང་ཕྱིར་གཏོང་དོ་དམ་གྱི་སྐད་ཆ་ཤོད་རེས་སོགས་ཀྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། ཐུན་མོང་ཐོག“འབྲེལ་གཅོད་མཐུད་ཕྲལ”ལ་བཀག་འགོག་བྱས་ནས། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་ཐོན་སྐྱེད་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་དང་ཤར་བགྲོད་ཡོང་བར་སྲུང་སྐྱོང་བྱ་དགོས། ཀྲུང་གོ་དང་ཧན་གོའི་རང་མོས་ཉོ་ཚོང་གྲོས་ཆོད་ནུས་པ་ཐོན་ནས་ལོ་འཁོར10ལོན་པ་གོ་སྐབས་སུ་བརྩིས་ནས། མགྱོགས་མྱུར་ངང་རྒྱལ་ཁབ་གཉིས་ཀྱི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་དུས་མཚམས་གཉིས་པའི་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། སྔ་མོ་ནས་གཅིག་མཐུན་ཡོང་བར་བརྩོན་ལེན་བྱ་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཇེ་དྲག་ཏུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར། སློབ་གསོ། ལུས་རྩལ། སྨྱན་སྦྱོར། རིག་མཛོད་དང་ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། མི་དམངས་དབར་གྱི་མཛའ་མཐུན་བརྩེ་དུང་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་དགོས། ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ། ཀྲུང་ཧན་འབྲེལ་བའི་ཆབ་སྲིད་རྨང་གཞིར་སྲུང་སྐྱོང་བྱ་དགོས།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧན་གོའི་ཁྲིམས་འཛུགས་སྒྲིག་གཞིས་ཡུན་རིང་སྤེལ་རེས་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཧན་གོའི་རྒྱལ་ཚོགས་དང་མཉམ་དུ་མཛའ་མཐུན་སྲོལ་རྒྱུན་རྒྱུན་འཛིན་དང་དུས་བཅད་སྤེལ་རེས་ལམ་སྲོལ་སོགས་ཀྱི་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ནས། ཁྲིམས་འཛུགས་སྒྲིག་གཞིའི་མཐོ་རིམ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། མཛའ་མཐུན་ཚོགས་ཆུང་། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་གྲོས་མི་བཅས་དབར་གྱི་འབྲེལ་གཏུག་སྤེལ་རེས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་པོ་གཏོད་འདོད་ཡོད། གཞོན་ནུ་དེ་བས་མང་པོ་རྒྱལ་ཁབ་གཉིས་ཀྱི་འགྲོ་འོང་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ནས། ཀྲུང་གོ་དང་ཧན་གོའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ལ་སྟོབས་ཤུགས་གསོག་འཇོག་བྱ་དགོས།
ཡུས་ཡོན་ཀྲི་ཡིས་བསྟན་དོན། ཧན་གོ་དང་ཀྲུང་གོ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མི་རྣམས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ད་ལོ་དང་སང་ལོ་སོ་སོར་མགྲོན་བདག་རྒྱལ་ཁབ་ཡིན་པའི་ངོས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་འཚོག་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཧན་གོ་དང་ཀྲུང་གོའི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ནས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་ཁེ་ལས་ཀྱི་མ་འཇོག སྐྱེ་དངོས་སྨན་རྫས། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། རིག་གནས་སྤེལ་རེས་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་དང་བརྩེ་དུང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད། ཧན་གོའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཧན་གོ་དང་ཀྲུང་གོའི་གྲོས་མིའི་མནའ་འབྲེལ་དང་མཛའ་གྲོགས་ཚོགས་ཆུང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་ལེགས་སྐྱེས་འབུལ་འདོད་ཡོད།
ཀྲང་ཆིང་ཝའེ་གྲོས་མོལ་ལ་ཞུགས། །
འཕྲིན་སྟེགས། weikangba