
ཟླ2པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་མགོ་འཛིན་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས་པ་མ་ཟད། ལོ་མགོ་བརྩམས་པའི་ལས་དོན་ཡག་པོར་སྒྲུབ་རྒྱུར་སྐུལ་སློང་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་མགོ་འཛིན་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས་པ་མ་ཟད། ལོ་མགོ་བརྩམས་པའི་ལས་དོན་ཡག་པོར་སྒྲུབ་རྒྱུར་སྐུལ་སློང་བྱས།
ལི་ཆང་གིས་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་བྱ་བའི་སྙན་སེང་ཞུ་རྒྱུ་ནི་རྒྱལ་ཡོངས་མི་དམངས་ཀྱིས་སྲིད་གཞུང་གི་ལས་དོན་ལ་ཞིབ་བཤེར་དང་ལེན་བྱེད་པ་ཞིག་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་བཀོད་འགན་འཁྲི་ཞིག་ཀྱང་ཡིན། སྤུས་ཚད་མཐོ་བའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཞིག་ཆགས་པ་དེས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་། ཡིད་ཆེས་ཆེ་རུ་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱི་རེ་སྒུག་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བཏབ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་གང་ལེགས་སྒོས་མཚོན་པར་བྱ་ཆེད་སྙན་ཞུར་སྔར་བས་བཟོ་བཅོས་ཡག་པོ་རྒྱག་དགོས།
ལི་ཆང་གིས་བསྟན་དོན། ལོ་གསར་པར། དུས་བབ་དང་ལས་འགན་གསར་པའི་མདུན་དུ། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་ཆེན་པོ་དང་འཐབ་ཇུས་བཀོད་སྒྲིག་ཧ་ཅང་ཁ་གསལ་ཡིན་པས། མ་ལག་ཅན་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས། སྤྱི་ཡོངས་ཁོང་དུ་ཆུད་པར་མཐོང་ཆེན་དང་། རྒྱལ་ནང་དང་ཕྱི་རྒྱལ་དང་། མིག་སྔར་དང་ཕུགས་རིང་། སྤྱི་ཁོག་དང་ཞིབ་ཕྲ། འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། དམིགས་ཚད་མང་པོའི་འོག་གི་ཕྱོགས་སོ་སོའི་ལས་དོན་ནུས་ཆེ་དང་མཐུན་སྦྱོར་ཡོང་བར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་མ་ཟད། ཐོལ་བརྒལ་འཚོལ་ཞིབ་བྱས་ཏེ། མི་མངོན་པའི་སྟོབས་ཤུགས་འདང་ངེས་དང་བར་སྟོང་ཆེ་བའི་འཕེལ་རྒྱས་ཁྱབ་ཁོངས་ཡང་དག་པར་བཙལ་ནས། འཐེན་ཤུགས་ཆེ་བ་དང་སྒུལ་ཤུགས་ཆེ་བའི་བྱ་བའི་འཛིན་ལུང་འཆར་འགོད་ཡག་པོ་བྱས་ཏེ། ཁྱོན་ཡོངས་ལ་སྐུལ་ཁྲིད་བྱེད་ཐུབ་པའི་འབུར་ཐོན་གྱི་བཀྲག་མདངས་འཚེར་ས་དེ་བས་མང་བ་གཏོད་དགོས། བྱ་བའི་ལག་ལེན་ཁྲོད་འཚོལ་ཞིབ་བྱས་ནས་གྲུབ་པའི་ཉམས་མྱོང་དང་བྱེད་སྟངས་ཕྱོགས་བསྡོམས་ནན་ཏན་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། འཕེལ་རྒྱས་དམིགས་ཚད་གཏན་འཁེལ་བྱས་ཏེ། དུས་སྐབས་དང་གནས་བབ་ལ་གཞིགས་ནས་འཁོར་ཡུན་ལྡོག་མའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གཅིག་སྡུད་དང་ཕྱོགས་གཅིག་ཏུ་ཤུགས་འདོན་དགོས། རྒྱུན་སྲོལ་གཏོར་བརླག་བྱེད་ཕོད་པ་དང་། ཚོར་ཐུབ་ཐོབ་ཐུབ་ཀྱི་སྲིད་ཇུས་དང་བྱེད་ཐབས་བཏོན་ནས་དོ་ཁུར་ལ་དུས་ཐོག་ཏུ་ལན་བརྒྱབ་སྟེ། སྲིད་ཇུས་དང་ཁྲོམ་ར་དབར་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
ལི་ཆང་གིས་ནན་གྱིས་བསྟན་དོན། འགན་འཁྲི་དེ་བས་དྲག་པོ་འཁུར་བ་དང་དེ་བས་ཧུར་བརྩོན་གྱི་བྱ་སྤྱོད་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཕན་འབྲས་གསར་པ་བསྐྲུན་དགོས། ཡིད་ཆེས་བརྟན་པོ་དང་དཀའ་ངལ་ཤེས་ནས་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་དང་། ཕྱི་རོལ་དུས་བབ་ཀྱི་འགྱུར་ལྡོག་ལ་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་དགོས་ལ། རྒྱལ་ནང་གི་དཔལ་འབྱོར་གནད་དོན་གཅིག་གྱུར་གྱིས་ཐག་གཅོད་དང་ཕྱི་རོལ་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ། གནོན་ཤུགས་སྒུལ་ཤུགས་སུ་སྒྱུར་མཁས་པ་བཅས་བྱས་ཏེ། བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ཆེར་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་སུ་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས་པ་མ་ཟད། ཡུན་རིང་ལ་དམིགས་ནས་རང་རྒྱལ་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དགོས། འབད་བརྩོན་གྱིས་བྱ་བ་སྒྲུབ་པ་དང་ལེགས་སྒྲུབ་ལེགས་པོ་བྱས་ཏེ། དུས་ཀྱིས་སུ་ལའང་མི་སྒུག་པའི་སྙིང་སྟོབས་ཐོག་ནས་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ་དང་། བསྒྱུར་བཅོས་གསར་གཏོད་ཀྱི་བྱེད་ཐབས་སྤྱད་ནས་དཀའ་གནད་ཐག་གཅོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་བབ་བསྟུན་བྱེད་པར་མཁས་པ་དང་། བྱ་བའི་བརྟོལ་ནུས་ཤུགས་ཆེར་གཏོང་རྒྱུར་ཤུགས་སྣོན་བྱས་ཏེ། དམིགས་འབེན་གསལ་པོ་དང་དཔྱད་དཔོག་བྱེད་ཆོག་པ། སྲིད་ཇུས་གསལ་པོ་དང་བཀོལ་སྤྱོད་བྱེད་ཆོག་པ། ལེ་ལག་ཚང་བའི་བྱེད་ཐབས་དུས་ཐོག་ཏུ་རྗེས་སྙེགས་ཐུབ་པ་བཅས་བྱས་ནས། སྔར་ལས་མང་པའི་ནུས་ཤུགས་ཀྱིས་དོན་འཁྱོལ་དམ་འཛིན་དང་དོན་དངོས་སྒྲུབ་པར་སྤྱོད་དགོས་པ་མ་ཟད། ལག་བསྟར་བྱེད་རིང་སྲིད་ཇུས་དང་བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་གཏོང་དགོས། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ཁྲོམ་རའི་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་སྔར་བས་ཆེ་རུ་བཏང་སྟེ། ཚད་གཞི་སྔར་ལས་མཐོ་བ་དང་ཤུགས་སྔར་ལས་ཆེ་བའི་སྒོ་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ཏེ། ཁེ་ལས་སྣ་ཚོགས་ཀྱི་གསར་གཏོད་འཕེལ་རྒྱས་ལ་ཆ་རྐྱེན་སྔར་ལས་ལེགས་པོ་འདོན་སྤྲོད་དང་། ཤེས་ལྡན་མི་སྣ་སྣ་ཚོགས་ཀྱི་ལས་སྒྲུབ་དང་ལས་གཏོད་ལ་གོ་སྐབས་སྔར་ལས་མང་པོ་བསྐྲུན་པར་སྤྱི་ཚོགས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཀྱི་འགན་འཁུར་པ་ཚོགས་འདུར་ཟུར་ཞུགས་བྱས།
འཕྲིན་སྟེགས། weikangba