ཞི་ཅིན་ཕིང་གིས་ལིའོ་ཉིང་ཧུའུ་ལུའུ་ཏའོ་གྲོང་ཁྱེར་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་སྟེ་མི་དམངས་མང་ཚོགས་ལ་ཆེས་དཀའ་ངལ་ཡོད་པའི་དུས་སུ་ཏང་དང་སྲིད་གཞུང་ནི་ཚང་མའི་ཆེས་སྟོབས་ལྡན་གྱི་བརྟེན་ས་ཡིན་པར་བསྟན།

2025-01-24
731

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་གྱི་ཕྱི་དྲོར། ལིའོ་ཉིང་དུ་རྟོག་ཞིབ་བྱེད་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲང་རླུང་ལ་མ་འཛེམ་པར་རི་ལམ་བརྒྱུད་དེ་རླངས་འཁོར་ཐོག་ཆུ་ཚོད་གཅིག་ཙམ་ལ་བསྡད་དེ། ཧུའུ་ལུའུ་ཏའོ་གྲོང་ཁྱེར་སུའེ་ཀྲུང་རྫོང་ཀྲུའུ་ཅ་ཀོའུ་གྲོང་ཚོར་ཕེབས་ནས། ན་ནིང་ཆུ་ལོག་རྗེས་ཀྱི་བསྐྱར་སྐྲུན་གནས་ཚུལ་ལ་རྒྱུས་ལོན་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ཡུལ་མི་ཚོར་གསུངས་རྒྱུར། ན་ནིང་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ལ་ཆུ་ལོག་ཚབས་ཆེན་ཕོག་པས་ངས་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་བྱེད་ཀྱིན་ཡོད་པས། དཔྱིད་གསར་དུས་ཆེན་སྔོན་ལ་ཁྱེད་ཚོར་བལྟ་རུ་ཡོང་བ་ཡིན། དེ་རིང་འདིར་ཡོང་རྗེས་ཧ་ཅང་དགའ་པོ་བྱུང་། ན་ནིང་རྒྱལ་ཡོངས་སུ་རང་བྱུང་གནོད་འཚེ་མི་ཉུང་བ་ཞིག་བྱུང་བས། གནོད་འཚེ་ཕོག་པའི་ས་ཁུལ་ཚང་མ་སླར་གསོ་བསྐྱར་སྐྲུན་བྱེད་པར་ཕན་འབྲས་བཟང་པོ་ཐོན་ཐུབ་པར་ང་ལ་ཡིད་ཆེས་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་སུ་བཅིངས་ཡོད་ལ། མི་དམངས་མང་ཚོགས་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ། ཏང་དང་སྲིད་གཞུང་ནི་ཚང་མའི་ཆེས་སྟོབས་ལྡན་གྱི་བརྟེན་ས་ཡིན་པས། ཚང་མས་དཀའ་ངལ་ཁྱད་བསད་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་རོགས་རམ་བྱེད་ངེས་ཡིན། །


  • 顶