
ཟླ1པོའི་ཚེས21ཉིན་ཕྱི་དྲོ་ར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁོངས་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་ཏེ། 《སྲིད་གཞུང་གི་ལས་དོན་སྙན་ཞུའི(བསམ་འཆར་བསྡུ་ལེན་མ་ཟིན)》ཐད་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་པ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས21ཉིན་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁོངས་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་ཏེ། 《སྲིད་གཞུང་གི་ལས་དོན་སྙན་ཞུའི(བསམ་འཆར་བསྡུ་ལེན་མ་ཟིན)》ཐད་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག གོ་མིན་ཏང་གསར་བརྗེའི་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིན་ཀྲུང་ལི། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། དམངས་གཙོ་གོང་སྤེལ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥིན། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁོངས་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཝུའུ་ཞང་ཕིང་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཚང་མས་འདས་ཟིན་པའི་ལོ་གཅིག་རིང་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ཧ་ཅང་སྤྱིར་བཏང་མིན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བབ་བསྟུན་དང་འགག་སྒྲོལ་གྱིས་དཀའ་ངལ་ཁྱད་བསད་བྱས་པ་དང་། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་བརྟན་པོ་དང་བརྟན་ཐོག་ཡར་རྒྱས་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་བརྟན་པོ་གསར་པ་སྤོས་ཡོད་པར་འདོད། ཚང་མས་ད་ལོའི་སྲིད་གཞུང་གི་ལས་དོན་ལ་དམིགས་ནས་སྤྱི་ཁོག་སྙོམས་སྒྲིག་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ། བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་རྒྱུ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན་ཡོད།
ལི་ཆང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་མཉན་པ་དང་། དམངས་གཙོའི་ཏང་ཤོག་ཁག་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ། ཏང་ཁོངས་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྲིད་གཞུང་གི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཚང་མའི་བསམ་འཆར་དང་གྲོས་གཞིས《སྲིད་གཞུང་གི་ལས་དོན་སྙན་ཞུ》བཟོ་བཅོས་ཡག་པོ་རྒྱག་རྒྱུ་དང་། སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱ་རྒྱུ་ཡིན་ཞེས་གསུངས། ཁོང་གིས་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། ང་ཚོས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱ་དགོས་ན། དཀའ་ངལ་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད། དེ་བས་ཡིད་ཆེས་བརྟན་པོ་ཡོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་སྡེབ་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱ་དགོས། ཕྱི་རོལ་གྱི་ཁོར་ཡུག་འགྱུར་ལྡོག་ལས་བྱུང་བའི་འགྲན་སློང་གསར་པར་ཁ་གཏད་འོས་འཚམ་བཏང་ནས་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་གནད་དོན་འབུར་ཐོན་ཐག་གཅོད་ཏན་ཏིག་བྱས་ཏེ། ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་གང་ཐུབ་བྱས་ནས། དཔལ་འབྱོར་ཡར་རྒྱས་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པར་ཤུགས་སྣོན་དང་སྲ་བརྟན་དུ་གཏོང་དགོས།
ལི་ཆང་གིས་དམངས་གཙོའི་ཏང་ཤོག་ཁག་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ། ཏང་ཁོངས་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྔར་རྒྱུན་ལྟར་སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཙོ་གནད་གནད་དོན་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་། བསམ་འཆར་དང་ཐབས་ཇུས་ཧུར་ཐག་གིས་བཏོན་ནས། སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་ལས་ཆོད་ཆེ་བའི་སྲིད་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བར་རོགས་རམ་བྱས་ཏེ། མང་ཚོགས་ཀྱི་ཐབས་བཀོད་དང་ནུས་ཤུགས་གཅིག་སྡུད་བྱས་ནས་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན། དེ་དང་ཆབས་ཅིག ཟམ་པ་དང་འབྲེལ་ཐག་གི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། ཁྱབ་ཁོངས་ཁག་དང་ལས་རིགས་ཁག་དང་འབྲེལ་གཏུག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། མི་སེམས་རྒྱ་ཁྱབ་ཏུ་གཅིག་སྡུད་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་པོ་ལེགས་སྐྱེས་སུ་འབུལ་དགོས་པར་བསྟན།
ཧྲི་ཐའེ་ཧྥིན་དང་ཝུའུ་ཀྲིན་ལུང་། ཧྲའོ་ཧུང་། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲེན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། །