བསོད་ནམས་དབང་འཕེལ་ནི་སི་ཁྲོན་རྔ་བ་ཁུལ་ཁྲོ་ཆུ་རྫོང་ནས་ཡིན་ཞིང་། ཁོང་གིས་ཁྲོན་བོད་རི་འཛེག་རུ་ཁག་གསར་དུ་བཙུགས་པ་མ་ཟད། རི་བོ་ཇོ་མོ་གླང་མའི་རི་འཛེག་དངོས་ཟིན་གློག་བརྙན་༼ཇོ་རིའི་རུ་དཔོན༽ཞེས་པ་ཕབ་བསྐྲུན་བྱས།
ད་ལྟ་སི་ཁྲོན་ཞིང་ཆེན་གྱི་དམངས་ཆེན་འཐུས་མི་དང་། རི་འཛེག་ཚོགས་པ་གྲགས་ཅན་ཁའེ་ལེ་ཧྲི་དང་མཉམ་ལས་བྱེད་པའི་རི་འཛེག་རྩལ་ཁྲིད་པ་རེད། ཁོང་ལ་རྒྱལ་ཡོངས་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་མི་སྒེར་དང་རྔ་བ་ཁུལ་གྱི་རིག་གནས་ཡུལ་སྐོར་ཟུང་འབྲེལ་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་པའི་ཕུལ་བྱུང་མི་སྒེར་སོགས་ཀྱི་གཟེངས་རྟགས་ཐོབ་པ་རེད།
ཟླ་དང་པོའི་ཚེས་ཉི་ཤུ་ཉིན། སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པས་ཁག་དང་པོའི་འཐུས་མིའི་རྒྱུ་ལམ་སྟེང་ནས་གཅིག་བསྡུས་བཅར་འདྲིའི་བྱེད་སྒོ་སྤེལ་སྐབས་སི་ཁྲོན་ཞིང་ཆེན་གྱི་དམངས་ཆེན་འཐུས་མི་བསོད་ནམས་དབང་འཕེལ་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
བསོད་ནམས་དབང་འཕེལ་གྱིས་བཤད་རྒྱུར། ལོ་༢༥སྔོན། རྒྱལ་ཁབ་ཀྱི་རི་འཛེག་རུ་ཁག་ངའི་ཕ་ཡུལ་གྱི་གངས་ཨ་བོ་སྤུན་གསུམ་གྱི་རི་རྩེར་འཛེག་རྒྱུར་ལྟ་ཞིབ་བྱེད་སར་ཡོང་དུས་ང་རང་ཁོང་ཚོའི་རུ་ཁག་ནང་ཞུགས་ནས་ཁོང་ཚོར་རྡོག་ཁྲེས་འཁུར་རོགས་བྱས་པ་ཡིན། དེའི་སྐབས་སུ་ངས་རྒྱལ་ཡོངས་ས་ཆ་སོ་སོའི་རི་འཛེག་ལ་དགའ་མཁན་མང་པོར་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་པའི་སྐལ་བ་ལྡན་སོང་ཟེར།
ཁོས་བཤད་རྒྱུར། སྔོན་ཆད་ནོར་ལུག་འཚོ་སྐྱོང་དང་སྨན་རྩྭ་འཐུ་བ་སོགས་ཀྱི་འཚོ་ཐབས་ཁོ་ནར་བརྟེན་དགོས་མོད། ཕྱིས་སུ་འཚོ་བའི་ཐམས་ལམ་དེ་ལས་མང་བ་ཤེས་སོང་། དཔེར་ན་ཕ་ཡུལ་གྱི་གངས་རིར་འཛེག་པའི་ལམ་ཐིག་གསར་གཏོད་བྱེད་ནས་ན་གཞོན་རྣམས་སྣེ་ཤན་པ་བྱེད་ཆོག་ལ། དམངས་སྲོལ་མགྲོན་ཁང་ཡང་ཕྱེ་ཆོག ད་དུང་རྡོག་ཁྲེས་རྟ་ལ་དགལ་ནས་རི་ཁར་སྐྱེལ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་ཡོང་འབབ་ཇེ་མང་གཏོང་ཆོག་ཟེར།
ལོ་ཉི་ཤུའི་སྔོན་དུ་ཁོས་ཕ་ཡུལ་ནས་ཁྲོན་བོད་རི་འཛེག་རུ་ཁག་བཙུགས་པ་དང་། ལོ་འདི་དག་རིང་ཕ་ཡུལ་མི་དམངས་ལ་སྣེ་ཁྲིད་ནས་ཁྱིམ་ཚང་བརྒྱ་ལྷག་ཕྱུག་པོར་འགྱུར་དུ་བཅུག་ཡོད་པ་མ་ཟད། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བས་ན་གཞོན་མང་པོ་ཞིག་གིས་རང་ས་རང་ཡུལ་ནས་ལས་གཉེར་ཐུབ་པ་བྱུང་ཡོད།
བསོད་ནམས་དབང་འཕེལ་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། དེང་སང་ཁོང་གིས་ནུས་ཤུགས་ཡོད་དགུས་ཕ་ཡུལ་གྱི་གངས་ཤུད་ལུས་རྩལ་སྐོར་གྱི་ལས་ཀ་གཉེར་བཞིན་ཡོད་ལ། ཁོས་ཕ་ཡུལ་དུ་རི་འཛེག་རྟེན་གཞི་བཙུགས་ནས་རི་འཛེག་ཚོགས་པ་དང་། རྐང་ཐང་དུ་འགྲོ་ནས་སྒར་འདེབས་པའི་ཚོགས་པ། རི་ཁུལ་དུ་རླངས་འཁོར་བསྐོར་བའི་འགྲན་བསྡུར། རྐང་འཁོར་འགྲན་བསྡུར་སོགས་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། ཁོང་གིས་ཚོགས་པ་དང་འགྲན་བསྡུར་གྱི་བྱེད་སྒོ་འདི་རིགས་ལ་བརྟེན་ནས་མི་སྔར་བས་མང་པོ་ཞིག་རྔ་བར་ཕེབས་པ་དང་། རྔ་བར་སྤྲོ་སྣང་སྐྱེད་པའི་རེ་བ་འཆིང་བཞིན་ཡོད།
རྔ་བ་ཁུལ་ལ་གངསའཁྱགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་སྟེ། དཔེར་ན་མཚོ་འཕགས་སྨི་ལྔ་སྟོང་ལྷག་ཅན་གྱི་གངས་རི་༢༥༠ཙམ་ཡོད། དེ་དག་ཁྲོད་སྐུ་བླ་རི་བོ་དང་། གངས་ཨ་བོ་སྤུན་གསུམ། དར་ཁོག་འཁྱགས་ཀླུང་། སྒལ་ཉག་རི་བོ། ཤར་དུང་རི་སོགས་གངས་རི་མང་པོ་ཡོད་པ་མ་ཟད། ད་དུང་གངས་ཤུད་ར་བ་དྲུག་ཡོད་པ་རེད།
བསོད་ནམས་དབང་འཕེལ་གྱིས་བཤད་རྒྱུར། མི་དམངས་འཐུས་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱིས་ལས་འགན་ལེགས་པོ་བསྒྲུབ་སྟེ་ཕ་ཡུལ་གྱི་གངས་ཤུད་ལུས་རྩལ་ལ་སྐུལ་འདེད་དང་དྲིལ་བསྒྲགས་ཡག་པོ་བྱེད་པ་བརྒྱུད་ཡུལ་མི་གང་མང་ཞིག་གིས་གངས་འཁྱགས་ཡུལ་སྐོར་དང་གངས་ཤུད་ལུས་རྩལ་ཁྲོད་ནས་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས་ཟེར།
བསོད་ནམས་དབང་འཕེལ་གྱིས་ད་དུང་སྔ་རྗེས་སུ་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་། ཕྱི་རོལ་ལུས་རྩལ་ཆེད་ལས་ཅན་དོ་དམ་སོགས་ཀྱི་ཕྱོགས་ནས་བསམ་འཆར་བཏོན་པར་མ་ཟད། རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་ལ་འཚམ་པའི་ལམ་ཐིག་དང་ཐོན་རྫས་གང་མང་གསར་འབྱེད་བྱས་ཏེ་ཡུལ་མི་རྣམས་ཀྱིས་གངས་ཤུད་ལས་གཉེར་ཁྲོད་ནས་འབྱོར་ཕྱུག་རྒྱས་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
འཕྲིན་སྟེགས། weikangba