
ས་གནས་དེ་གའི་དུས་ཚོད་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་དང་པེ་ཅིན་གྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཐོ་རེངས། ཨ་རིའི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་། སྤྱི་མཐུན་ཏང་མི་ཐེ་རོན་ཕུའུ་ཡིས་ཝ་ཧྲིན་ཏོན་རྒྱལ་ཚོགས་ཐོག་ཁང་གི་སྒོར་དབྱིབས་ཚོམས་ཆེན་དུ་འཚོགས་པའི་འགན་བཞེས་མཛད་སྒོའི་ཐོག སྐབས་ཞེ་བདུན་པའི་ཨ་རིའི་ཙུང་ཐུང་གི་འགན་འཁུར་རྒྱུའི་དམ་བཅའ་བཞག་པ་རེད།
ཐེ་རོན་ཕུའུ་ཡིས་སྲིད་འཛིན་བཀའ་རྒྱ་རབ་དང་རིམ་པ་ལ་མིང་རྟགས་འགོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ལྷོ་རྒྱུད་མཐའ་མཚམས་རྒྱལ་ཁབ་ཀྱི་ཛ་དྲག་གནས་བབ་ལ་སླེབས་པ་ཁྱབ་བསྒྲགས་བྱ་རྒྱུ་དང་འབྲེལ། ཁྲིམས་འགལ་གནས་སྤོས་པའི་གནོད་འཚེའི་རང་བཞིན་གྱི་བཙན་འཛུལ་དེ་ལ་བཀག་འགོག་བྱེད་པར་དམག་དཔུང་མངགས་གཏོང་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་ཛ་དྲག་གནས་བབ་ཁྱབ་བསྒྲགས་བྱས་ཤིང་། སྲོལ་རྒྱུན་གྱི་ནུས་ཁུངས་སྔོག་འདོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། པའེ་ཏེང་སྲིད་གཞུང་གི་འབག་མེད་སྲིད་ཇུས་གསར་པ་མཇུག་བསྒྲིལ་བ། གློག་སྒུལ་འཁོར་རིགས་ཀྱི་གཟིགས་སྐྱོང་སྲིད་ཇུས་མེད་པར་བཟོས་ནས་ཨ་རིའི་སྲོལ་རྒྱུན་རླངས་འཁོར་བཟོ་ལས་སྐྱོབ་པ། ཕྱི་ཕྱོགས་ཁྲལ་དོན་ཅུས་བཙུགས་ནས་ཕྱི་རྒྱལ་གྱི་ནང་འདྲེན་ཐོན་རྫས་ལ་སྒོ་ཁྲལ་སྣོན་བསྡུ་བྱེད་པ། ཨ་རི་སྲིད་གཞུང་གིས་ཕོ་མོ་གཉིས་ཁོ་ན་ཁས་ལེན་བྱ་རྒྱུ་ཁྱབ་བསྒྲགས་བྱས། མེག་སི་ཁོ་མཚོ་ཁུག་གྱི་མིང་ལ་ཨ་རིའི་མཚོ་ཁུག་ཞེས་བསྒྱུར་རྒྱུ་ཡིན་པ། ཨ་རིའི་མངའ་ཁོངས་རྒྱ་བསྐྱེད་ནས་ཨ་རིའི་རྒྱལ་དར་ས་ངོས་སྙོམས་ཐིག་གསར་པའི་སྟེང་དུ་འཛུགས་རྒྱུ་ཡིན་པ། ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་སྐར་མ་མིག་དམར་ཐོག་ལ་སྐྱེལ་བ་སོགས་བཏོན་པ་རེད།
ཉིན་དེའི་དམ་བཅའི་མཛད་སྒོ་དེ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་དབུ་བཞུགས་ཁྲིམས་དཔོན་ཆེན་མོ་ཡུའེ་ཧན་ལུའོ་པོ་ཚིས་གཙོ་སྐྱོང་བྱས་པ་དང་། ཐེ་རོན་ཕུའུ་ཡིས་ལུའོ་པོ་ཚིའི་སྣེ་ཁྲིད་འོག་དམ་བཅའ་བཞག་པ་རེད།
ཨ་རིའི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་གཞོན་པར་ཝན་སིས་ཀྱང་ཉིན་དེར་ཨ་རིའི་ཙུང་ཐུང་གཞོན་པའི་འགན་འཁུར་རྒྱུའི་དམ་བཅའ་དངོས་སུ་བཞག་པ་རེད།
ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
འཕྲིན་སྟེགས། weikangba