ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཁྲིམས་ལུགས་སློབ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ལ་ཉེ་བའི་སྐབས་དང་བསྟུན་ནས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཁྲིམས་ལུགས་རིག་པ་དང་བཅའ་ཁྲིམས་ལས་དོན་པར་འཚམས་འདྲི་གནང་བར་མ་ཟད། ཁྲིམས་ལུགས་སློབ་ཚོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་ཐད་རེ་བ་བཏོན།
ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རིམ་པོ་སོ་སོའི་ཁྲིམས་ལུགས་སློབ་ཚོགས་ཀྱིས་རྒྱ་ཆེའི་ཁྲིམས་ལུགས་རིག་པ་དང་བཅའ་ཁྲིམས་ལས་དོན་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལས་དོན་གང་མང་བསྒྲུབས་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། རིམ་པ་སོ་སོའི་ཁྲིམས་ལུགས་སློབ་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་ངོས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ། འབྲེལ་ཟམ་འབྲེལ་ཐག་གི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ། ཁྲིམས་ལུགས་རིག་པའི་ཞིབ་འཇུག་དར་རྒྱས་གཏོང་བ་དང་ཁྲིམས་སྐྱོང་ལག་ལེན་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་དྲིལ་སྒྲོག་ལ་ཤུགས་སྣོན་པ། ཁྲིམས་སྐྱོང་འཇོན་མི་གསོ་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་ནན་ཏན་ངང་སྒྲུབ་ནས། ཁྲིམས་ལུགས་སློབ་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབད་པས་བསྐྲུན་དགོས། རྒྱ་ཆེའི་ཁྲིམས་ལུགས་རིག་པ་དང་བཅའ་ཁྲིམས་ལས་དོན་པས་ཁྲིམས་སྐྱོང་ལ་ཡིད་ཆེས་བརྟན་པོ་བྱེད་རྒྱུ་དང་། ཁག་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རླབས་ཆེན་གྱི་ལག་ལེན་ཁྲོད་འབད་པས་ཞུགས་ནས། ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ཁྲིམས་ལུགས་སློབ་ཚོགས་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས། ཁྲིམས་ལུགས་སློབ་ཚོགས་ཀྱིས་ཁྲིམས་ལྟར་སྒྲིག་ཡིག་གཞིར་བཟུང་ནས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས།
ཀྲུང་གོ་ཁྲིམས་ལུགས་སློབ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཚེས10ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་སྤྲིངས་པའི་འཕྲིན་ཡིག་བརྒྱུད་བསྒྲགས་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་ཝུན་ཆིང་གིས་མགོ་ཚུགས་མཛད་སྒོའི་ཐོག་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གནང་བ་རེད། ཁོང་གིས་གསུངས་རྒྱུར། ཁྲིམས་ལུགས་སློབ་ཚོགས་རིམ་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལྟར་འགན་འཁྲི་བསྒྲུབ་པ། སྒྲིག་ཁྲིམས་སྤྱོད་ཚུལ་གཟབ་ནན་དུ་གཏོང་བ། བཅོས་བསྒྱུར་ཡར་རྒྱས་བརྩོན་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། རྒྱ་ཆེའི་ཁྲིམས་ལུགས་རིག་པ་དང་བཅའ་ཁྲིམས་ལས་དོན་པས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་དང་ཁྲིམས་སྐྱོང་གི་ཡིད་ཆེས་སྲ་བརྟན་དུ་གཏོང་བ། རང་འགུལ་ངང་ཁྱོན་ཡོངས་དང་མི་དམངས་ལ་ཞབས་འདེགས་ཞུས་ནས། ཁྲིམས་ལུགས་རིག་པའི་ཞིབ་འཇུག་གཏིང་ཟབ་དུ་སྤེལ་བ་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཁྲིམས་སྲུང་བཅས་ཀྱི་ལས་དོན་ཏན་ཏིག་ལ་དམིགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད།
ཝང་ཞའོ་ཧུང་དང་ཀྲང་ཆིང་ཝེ། ཀྲང་ཅུན། དབྱིན་ཡུང་། ཧོ་པའོ་ཞང་བཅས་མགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཀྲུང་གོའི་ཁྲིམས་ལུགས་སློབ་ཚོགས་སྐབས་བརྒྱད་པའི་ཚོགས་གཙོ་ཝང་ཁྲེན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད། སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ལས་དོན་སྙན་ཞུ་གནང་།
ཚོགས་འདུའི་ཐོག་རྒྱལ་ཡོངས་ཁྲིམས་ལུགས་སློབ་ཚོགས་ལས་ཁུངས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས། ཀྲུང་དབྱང་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཨུ་ཡོན་དང་ཀྲུང་གོ་ཁྲིམས་ལུགས་སློབ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་ཡོངས་མགོ་ཚུགས་མཛད་སྒོར་ཞུགས། །
འཕྲིན་སྟེགས། weikangba