ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གི་མགོ་འཛིན་མཛད་པ།

2025-01-13
486

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ1པོའི་ཚེས9ཉིན་གང་བོར་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་ལ་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

གྲོས་ཚོགས་ལས་ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ཡིན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོར་རྒྱུན་ཆད་མེད་པར་རྒྱལ་ཁ་ཐོབ་པའི་རྩ་བའི་གནས་ཡུལ་ཡིན། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་ཉན་པ་ནི་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པའི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཡིན། ལམ་ལུགས་བཀོད་སྒྲིག་གལ་ཆེན་འདི་ཏང་གིས་ཕྱོགས་ཡོངས་ལ་སྤྱི་འདོམས་བྱེད་པ་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་མགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་མགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་བྱ་གཞག་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། གོ་རིམ་སོ་སོར་དོན་འཁྱོལ་བྱས་ཏེ། དམིགས་འབེན་གཅིག་མཐུན་དང་གོམ་སྟབས་གཅིག་མཐུན་ཡོང་བ་དང་། མཉམ་སྡེབ་སྟོབས་ཤུགས་ཆགས་པར་ཁག་ཐེག་ཏན་ཏིག་བྱ་རྒྱུ་ནི་དགོས་ངེས་ཤིག་ཡིན་པས། ངེས་པར་དུ་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་འདས་ཟིན་པའི་ལོ་གཅིག་གི་ཁྲོད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་བརྟན་པོ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། དངོས་སྒྲུབ་སྔོན་ལ་འཛིན་པའི་ཁྲིད་སྟོན་བརྟན་པོ་བཙུགས་ནས་འགན་འཁྲི་ཁག་འཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་ཏན་ཏིག་སྒྲུབ་པ། ཏང་ཙུའུ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འགན་འཁྲིའི་གཙོ་གཞི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཕྱོགས་སོ་སོའི་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས་པར་འདོད།

གྲོས་ཚོགས་ལས་འདས་ཟིན་པའི་ལོ་གཅིག་གི་ཁྲོད་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་འགན་འཁྲི་བསྒྲུབས་ནས་ཧུར་བརྩོན་བྱས་པ་བརྒྱུད། ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན། མང་ཚོགས་རྩ་འཛུགས་འཛུགས་སྐྱོང་དང་བཅོས་བསྒྱུར་ལ་མཛུབ་ཁྲིད་བྱེད་པ། རྣམ་པ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་པར་འདོད།

གྲོས་ཚོགས་ལས་ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཡིན་ལ། བཅོས་བསྒྱུར་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞི་ཅིན་ཕིང་གི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་རྒྱུས་ལོན་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པའི་ཆེས་མཐོའི་ཆབ་སྲིད་རྩ་དོན་འདི་རྒྱུན་འཁྱོངས་དང་། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། བྱ་བ་སྒྲུབ་པ་གཙོ་བོར་འཛིན་པ་དང་། འབད་བརྩོན་ལ་ཕན་ནུས་ལྡན་པ། འགག་སྒྲོལ་དཀའ་ངལ་ཁྱད་དུ་བསད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སོ་སོ་དོན་འཁྱོལ་བྱེད་པར་ཁག་ཐེག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགྲུལ་བཞུད་གསར་པའི་སྟེང་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ལོ་གསར་པའི་ནང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱར་དམིགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། རང་ངོས་ཀྱི་འགན་འཁྲི་གཞིར་བཟུང་ནས་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་། མང་ཚོགས་དང་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་དང་བཅོས་བསྒྱུར། རྣམ་པ་རིང་ལུགས་བཅོས་སྐྱོང་བཅས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་སོགས་གཙོ་གནད་ལས་དོན་དོན་འཁྱོལ་དམ་འཛིན་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ནན་མོ་བྱས་ནས། ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་སོ་སོ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།  །


  • 顶