ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནོད་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པ། མང་ཚོགས་བཅས་ལ་ཐུགས་ཁུར་དང་དྲོད་ཁོལ་སྦྱིན་པ་མཚོན་པར་བྱ་ཆེད། ཉེ་ཆར་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་ཁྲོད་ནས་བོད་ལྗོངས་ལ་སྒོར་ཁྲི5000བཏང་ནས་ཡོམ་འགོག་གནོད་སེལ་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས།
ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གནོད་འཚེ་ཕོག་པའི་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱས་ཏེ། འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། རྨས་སྐྱོན་ཕོག་པའི་མི་སྣར་སྐྱོབ་བཅོས་བྱེད་པ་དང་། མི་ཤི་རྨས་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་བསྐྱར་ཐོན་གནོད་སྐྱོན་སྔོན་འགོག་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་། གནོད་འཚེ་ཕོག་པའི་ཁྱིམ་མིར་སེམས་གསོ་གཏོང་བ། མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབས་ཏེ། དགུན་ཁ་བདེ་འཇགས་དང་དྲོད་སྐྱིད་ངང་སྐྱེལ་ཐུབ་པར་ཁག་ཐེག་བྱེད་དགོས། གནོད་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པ་ས་ཡོམ་གནོད་འགོག་གནོད་སེལ་གྱི་ཡུལ་དངོས་དང་གནོད་ཐེབས་ཆེ་ཤོས་ཀྱི་ས་ཁུལ་དུ་བསྐྱོད་དེ། མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་གནས་སུ་ཕྱིན་ནས། དཀའ་ངལ་དང་ཉེན་ཁ་ཆེ་བའི་གནས་སུ་གདོང་མཆོང་དང་འབད་འཐབ་བྱས་ཏེ། གནོད་ཁུལ་མི་དམངས་ཀྱི་བློ་འཁེན་ས་དང་སྙིང་ཉེ་བ་བྱེད་དགོས། ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་སྐུལ་སློང་དང་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡོམ་འགོག་གནོད་སེལ་ཁྲོད་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱ་རྒྱུར་དོ་སྣང་བྱེད་པ་དང་། གཞི་རིམ་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་ཤེས་རྟོགས་དང་དྲིལ་བསྒྲགས་བྱ་རྒྱུར་དོ་སྣང་བྱས་ཏེ། ཡོམ་འགོག་གནོད་སེལ་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས་པའི་བླང་བྱ་བཏོན་ཡོད།
ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་གི་གྲོན་དངུལ་དེ་དུས་ཐོག་ཏུ་གནོད་ཁུལ་གྱི་གཞི་རིམ་ལ་གཏོང་སྤྲོད་བྱས་ཏེ་ཆེད་དངུལ་ཆེད་སྤྱོད་བྱེད་དགོས་ཤིང་། གཙོ་བོ་ཡོམ་འགོག་གནོད་སེལ་གྱི་འཐབ་ཕྱོགས་དང་པོར་འབད་བརྩོན་བྱེད་བཞིན་པའི་གཞི་རིམ་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་བྱེད་པ་དང་། གནོད་འཚེ་ཚབས་ཆེ་བའི་དབང་གིས་འཚོ་བར་དཀའ་ངལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པ། གནོད་འཚེའི་དབང་གིས་གནོད་སྐྱོན་ཐེབས་པའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་བཀོད་ཉམས་གསོ་བྱེད་པར་ཁ་གསབ་སྤྲོད་དགོས་པར་ནན་གྱིས་བསྟན། །