རྒྱལ་ཡོངས་སུ་རིན་ཐང་སྒོར་དུང་ཕྱུར2.7ལས་བརྒལ་བའི་དགེ་སྒྲུབ་ཞལ་འདེབས་དང་འདོད་མོས་ཀྱི་ཞལ་འདེབས་མ་དངུལ(དངོས་རྫས)གྱིས་བོད་ལྗོངས་ཀྱི་གནོད་ཁུལ་ལ་རྒྱབ་སྐྱོར་བྱས་པ།

2025-01-10
471

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ1པོའི་ཚེས8ཉིན་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་གཞིས་ཁ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བྱུང་རྗེས། གནོད་འཚེ་ཕོག་ཁུལ་གྱི་དགོས་མཁོར་གཞིགས་ནས། དམངས་སྲིད་པུའུ་ཡིས་རྒྱལ་ཡོངས་དགེ་སྒྲུབ་རྩ་འཛུགས་ཀྱིས་ཁྲིམས་སྲོལ་ལྟར་གནོད་སྐྱོབ་དགེ་སྒྲུབ་ཞལ་འདེབས་སྤེལ་བར་སྐུལ་སློང་དང་ཁྲིད་སྟོན་བྱས་ཤིང་། བོད་ལྗོངས་ཀྱི་གནོད་འཚེ་ཕོག་ཁུལ་ལ་ཧུར་ཐག་དང་གོ་རིམ་ལྡན་པའི་ངང་རྒྱབ་སྐྱོར་བྱས། ཐོག་མའི་བསྡོམས་རྩིས་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་དགེ་སྒྲུབ་སྟོབས་ཤུགས་ཀྱི་ཞལ་འདེབས་དང་འདོད་མོས་ཀྱི་ཞལ་འདེབས་མ་དངུལ(དངོས་རྫས)གྱི་རིན་ཐང་སྒོར་དུང་ཕྱུར2.7ལས་བརྒལ་ཡོད།

དེའི་ནང་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ས་ཡོམ་གནོད་ཁུལ་ལ་ཐོག་མའི་མ་དངུལ་སྒོར་ཁྲི200ཞལ་འདེབས་བརྒྱབ་སྟེ། ས་ཡོམ་རོགས་སྐྱོབ་དང་གནོད་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་ཐད་སྤྱད་པ་དང་། ཐེང་ཞུན་སྤྱི་ཕན་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱིས་ཐེངས་དང་པོའི་ཞལ་འདེབས་སྒོར་ཁྲི2000བཏང་ནས། གནོད་འཚེ་ཕོག་པའི་ས་ཁུལ་གྱི་ཛ་དྲག་རོགས་སྐྱོར་དང་། བར་བརྒལ་བཀོད་སྒྲིག དགུན་བརྒལ་དངོས་རྫས། གནོད་ཕྱིའི་བསྐྱར་སྐྲུན་བཅས་དང་དེ་བཞིན་རྒུད་ཚབ་ལས་འདོན་སོགས་ཀྱི་ལས་དོན་ལ་སྤྱད་པ་རེད། ཀྲུང་གོའི་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་། ཀྲུང་གོའི་དམའ་རིམ་འཕྲོད་བསྟེན་བདེ་སྲུང་ཐེབས་རྩ་ལྷན་ཚོགས། ཨ་ལི་པ་པ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། ཧྲུན་ཧྥུང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། པོ་སི་ཏེང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། ཞིན་ཧྭ་ཚེ་སྲོག་འགན་བཅོལ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། ཞིན་ཡུན་རིག་གནས་སློབ་གསོའི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་སོགས་དགེ་སྒྲུབ་རྩ་འཛུགས་ཀྱིས་ས་ཡོམ་གནོད་ཁུལ་ལ་འཕྲལ་སྡོམ་དངོས་ཟོག་དང་གྲང་འགོག་གྱོན་ཆས་ཞལ་འདེབས་བརྒྱབ་པའམ་ཡང་ན་རོགས་སྐྱོབ་སྟོབས་ཤུགས་མངགས་ཡོད།

གཞན་ཡང་། ཟླ1པོའི་ཚེས8ཉིན་གྱི་ཆུ་ཚོད17བར་མི་ཐེངས་ཁྲི170ལྷག་གིས་དྲ་སྟེང་གི་ཡོངས་བསྒྲགས་ཞལ་འདེབས་བསྡུ་བའི་ཞབས་ཞུའི་སྟེགས་བུ་བརྒྱུད་དགེ་སྒྲུབ་རྩ་འཛུགས121ལ་དགེ་སྒྲུབ་ཞལ་འདེབས་ཕུལ་བ་རེད། །


  • 顶